[A:༣༤༠]ཞལ་ངོ་བཅས་ཞབས་ཕྱི་ནང་མའི་གྲས་རྣམས་ལ་རྟ། མཛོ། ཇ་སོགས་མདོ་ཁམས་ནས་བྱོན་པའི་སྐྱེས་སུ་ཕུལ། འཆི་མེད་དགའ་ཚལ་དུའང་སྐྱེས་འབུལ་དཔངས་མཐོ་བར་བྱས། དབོན་སྐུ་མཆེད་ཀྱི་སྐུ་ཉེ་རྣམས་ལའང་གང་འཚམས་ཕུལ། ཚུར་ཡང་བཞེས་སྤྲོ། ཁ་བཏགས། ན་བཟའ་སོགས་ཀྱི་སྟེར་ཆའང་བྱུང༌། ཕོ་བྲང་ཆེན་པོ་དང༌། ལྷ་ས་ར་མོ་ཆེ་སོགས་ཀྱི་མཆོད་མཇལ་རྣམས་ཞིབ་པར་བྱས། དཀར་མེ་སྙན་དར་སོགས་ཀྱི་མཆོད་པའང་རྒྱས་པར་ཕུལ། ཐོན་ཕྱག་ཐོག་གནང་སྦྱིན། ཟུར་ཆས། སྟོན་མོ་སོགས་རྒྱས་པ་བཀའ་དྲིན་བསྐྱངས་ཏེ། རང་གནས་སུ་ལོག །སྤྲུལ་སྐུ་རིན་པོ་ཆེའི་ཕེབས་བསུར་འབྱོན་མི་ཐར་བས་པ་དང༌། ཆོས་སྡེར་གླིང་པ་བཅས་ཀྱིས་གཤིན་རྗེ་འཆར་ཁའི་གཏོར་ཟློག་ཤིན་ཏུ་རྒྱས་པར་བྱས། སྤྲུལ་སྐུ་རིན་པོ་ཆེའི་ཞབས་ཕྱིར་ཚ་བོ་དགེ་སློང་ངག་དབང་གྲགས་པས་གཙོས་རྒྱུན་སྡོད་ལྔ་དང༌། ཕེབ་སྐྱེལ་དུ་རྒྱན་དྲུང༌། མཛོད་པ་སོགས་དཔོན་གཡོག་མང་བ་བཅས་གྲྭ་བསྒྲིགས་དང༌། སྐུ་འདྲ། མཆོད་ཆ། དཀར་སྤྱད་ཀྱི་རིགས། ཕྱག་དཔེ་སོགས་ཉེར་མཁོའི་སྐུ་ཆས་རྣམས་དང༌། ཆིབས་པ་གཉིས། དྲེའུ། ཇ། གོས་དར་སོགས་ཕེབ་རྫོང་དང་བསྟན་པའི་འཛིན་སྐྱོང་སྐུ་ཡོན་གསན་སྦྱོང་སོགས་ཀྱི་སྙན་འབུལ་ཤིན་ཏུ་རྒྱས་པར་ཞུས་ཏེ། ཆིབས་ཁ་སྒྱུར་བ་ལ་ནངས་པར་ཞབས་དྲུང་རིན་པོ་ཆེས་དབུས་ཆོས་སྡེའི་བླ་ཁག །ལས་ཚན། ནང་བཟན་སེར་སྐྱ་སོགས་ཆིབས་སྐྱེལ་བ་ཤིན་ཏུ་མང་བ་རྫོང་བདའ་བྱས། འུ་དུ་སུ་ནས་ངེད་རང་གི་འབུལ་སྡུད་ཨེ་ཆོལ་ཐུ་ཆོས་རྗེ་འབྱོན་ཡོད་ཚུལ་གྱི་ཡི་གེ་བྱུང་བར་ནག་ཆུའི་ཁར་བསུ་མི་རྫོང་བདའ་དང༌། ཆོས་སྡེ་ཆེན་པོའི་དུས་ཆེན་ཁག་རྣམས་བྱས་ཤིང༌། སེ་ར་ནས་ཨ་མདོ་གྲྭ་ཚང་མཁན་པོ་རྗེ་བཙུན་ནཱ་རོ་མཁའ་སྤྱོད་མའི་སྐོར་ཀྱི་ཟབ་ཆོས་