[A:༣༤༢]རིམ་དྭངས་བྱུང༌། ཟླ་བ་བདུན་པའི་ནང་ཤ་བ་བླ་མ་རིན་ཆེན། མགྲོན་གཉེར་རིན་ཆེན་བཅས་སྤྲུལ་སྐུ་རིན་པོ་ཆེའི་ཕེབ་བསུར་རྫོང་བདའ་བྱས། དབྱར་སྨད་བྱང་ལམ་བརྒྱུད་ཕེབ་པར་ཆོས་གཞིས་བཀྲ་ཤིས་སྒང་དུ་རྒྱན་དྲུང་སོགས་ཀྱི་ཆིབས་བསུ་དང༌། ཐབ་བསུ་རྒྱས་པར་ཞུས་ཤིང༌། རྒྱུན་གྱི་དབང་པོའི་བླ་ཁག །ལས་ཚན་རྣམས་ཀྱིས་ཀྱང་ཆིབས་བསུ་དང་བསང༌། དར་འཕྱར། སེར་ཕྲེང་སོགས་རྒྱས་པར་བྱས་ཏེ། དབང་ཁང་འཆི་མེད་ཕོ་བྲང་དུ་མཇལ་འཛོམས་ཞུས་པར། གང་ཅིའི་གསུང་གླིང་རྒྱས་པར་བྱུང༌། གཞིས་ལེན་གང་རྒྱས་ཞུས་ཤིང༌། ཚུར་ཡང་རྟེན་འབྱུང་དང་སྐུ་སྐྱེས་ཤིན་ཏུ་རྒྱས་པར་སྩལ། རྒྱ་ནག་གོང་མས་ས་དབང་གསེར་གྱི་འཁོར་ལོས་སྒྱུར་བ་ཆེན་པོར་གསེར་ཐམ་སོགས་ཕུལ་བའི་ལེགས་འབུལ་དུ་ཕོ་བྲང་ཆེན་པོར་ཞལ་མཇལ་ལ་བསྐྱོད་དེ་དར་རས། རྟ། ཇ་སོགས་འབུལ་དཔངས་མཐོ་བར་བཅས་མཇལ་ཁ་ཞུས་པར་བཀའ་འདྲི་སྟོན་མོ་སོགས་རྒྱས་པར་བཀའ་དྲིན་བསྐྱངས། ཐོན་ཕྱག་ཆབ་ཞུགས་སེར་ནོར་བུ་གླིང་ཁར་གནང་ཞིང༌། རྫོགས་པའི་སངས་རྒྱས་ཀྱི་རྣམ་ཐར་དང་མཐུན་པའི་ཆོས་ཀྱི་དྲི་བ་ཡུན་རིང་བར་གནང་བར་ལན་རྒྱས་པར་ཕུལ། གནང་སྦྱིན་ཟུར་ཆས་བཅས་ཕྱིར་ཐོན་ཞིང༌། ལམ་ཞོར་ཕ་བོང་ཁར་གྲུབ་པའི་དབང་ཕྱུག་ཉིད་མཇལ་འདོད་ཀྱིས་ཕྱིན། ལུགས་གཉིས་ཀྱི་གསུང་གླིང་རྒྱས་པར་སྩལ་ཞིང༌། སྐུ་ཁམས་ཅུང་ཞིག་ལྟེམ་འདུག་པར་ཐུགས་བཅག་གནང་དགོས་ཚུལ་ཞུས། དགོན་གནས་སུ་སླེབས་འཕྲལ་མངར་རིས་རབ་འབྱམས་པ་དོན་གཉེར་གྱིས་ཕེབ་པར་འཁོར་ལོ་སྡོམ་པ་དྲིལ་བུ་རིམ་ལྔའི་དབང་དང་ཁྲིད་རྒྱས་པར་ཕུལ། སྟོན་ཞབས་དྲུང་རིན་པོ་ཆེ་དཔོན་སློབ་ཀྱི་ལོ་སྔ་མ་ཡར་ཕེབ་དུས་ཇ་རྟ་སོགས་དཔངས་མཐོ་བ་