R188: ལྕེ་བཙུན་ངག་གི་དབང་ཕྱུག་གི་རྟོགས་བརྗོད་ཤེལ་དཀར་གྱི་ཕྲེང་བ།

  • Pagination (Witness A): ༣༤༣
[A:༣༤༣]བཅས་ལིའུ་ཐང་ནས་བཀའ་འགྱུར་རིན་པོ་ཆེ་སྤར་དུ་རྒྱག་པར་འབུལ་དཔོན་བླ་མ་བསམ་འཕེལ་དཔོན་སློབ་འཇོག་པ་གནང་འདུག་པར་གེགས་མེད་དུ་གྲུབ་ནས་འབྱོན་ཡོད་ཚུལ་གྱི་བང་ཆེན་བྱུང་བར་སྟག་ལུང་བར་དུ་བསྟན་འཛིན་རྒྱ་མཚོ་ཅན་བསུ་བར་རྫོང་བདའ་བྱས། དགོན་པར་ཕེབ་ཉིན་བཀའ་འགྱུར་རིན་པོ་ཆེའི་ཕེབ་བསུར་ངེད་རང་གི་ཟླ་བོ་དྲག་གྲས་ཀྱིས་རྟ་བསུ་དང༌། འདུས་ཚོགས་ཀྱིས་སེར་ཕྲེང༌། ལྷ་བསང༌། དར་འཕྱར་བཅས་ཀྱིས་སྤྱན་དྲངས་ཤིང་བཀའ་འགྱུར་རིན་པོ་ཆེ་འདུ་ཁང་གསང་སྔགས་ཕོ་བྲང་དུ་བཞུགས་སུ་གསོལ་ཏེ། མཆོད་པའི་ཕྲེང་བ་ཚར་དུ་དངར་བར་ཕུལ། འབུལ་དཔོན་བླ་མ་དང༌། སྡེ་དགེའི་ཚོང་དཔོན་འགྲུལ་བསྡེབས་བཅས་པར་ཞལ་གྲོའི་སྟོན་མོ་གཞིས་ལེན་རྒྱས་པར་ཞུས། འབུལ་དཔོན་བླ་མས་རྟ་དྲེལ་དྲུག །མཛོ་སོ་དྲུག །ཁལ་ཉི་ཤུ་རྣམས་ལ་སྒ་སྟན་བཅས་རྩིས་སྤྲོད་མཛད། དགེ་སློང་ངག་དབང་གྲགས་པས་ས་སྐྱར་ངེད་རང་གི་ལྕམ་གྱི་ཞབས་ཕྱིར་རེ་ཞིག་རྫོང་བདའ་བྱས། འབུལ་དཔོན་བླ་མ་བསམ་འཕེལ་གྱིས་འདུས་ཚོགས་ལ་སྟོང་ཆོག་བཙུགས་ཤིང༌། འདི་ཁའི་བླ་བྲང་གི་སྟེང་དུ་གཉྫི་ར་ཞིག་འཛུགས་རྒྱུའི་གསེར་ཇ་སོགས་སྤྲད་བྱུང་བར། སླར་བཟོ་བཀོད་ལེགས་པར་གྲུབ་ནས་ད་ལྟ་ཀུན་གྱི་སྤྱན་ལམ་དུ་སྨིན་པ་འདི་བཞིན་ལགས། སྡེ་དགེ་ཚོང་དཔོན་གྱིས་དབོན་པོ་སོ་སོའི་ཕྱག་བྲིས་རྟེན་བཅས་རྣམས་དང༌། དབོན་པོ་བསོད་ནམས་ཀྱིས་འབུལ་སྐྱེལ་དུ་ཁལ་མ། ཇ། རྟ་སོགས་དཔངས་མཐོ་བ་རྣམས་གནང་འདུག་པ་རྩིས་ལེན་བྱས་ཤིང༌། དགེ་བ་བྱང་ཆུབ་ཏུ་བསྔོས། དགུན་ཚ་བ་ནས་འབུལ་སྡུད་བླ་མ་མཁྱེན་རབ་ལྷུན་གྲུབ་དང༌། དགེར་སློག་བསྟན་འཛིན་གྲགས་པ་གཉིས་འགྲུལ་བསྡེབས་མང་བ་བཅས་འབྱོར་བར་གཞིས་