[A:༣༤༤]ལེན་བྱས། རྟ། དྲེལ། ཇ་སོགས་སོ་སོ་ནས་རྩིས་སྤྲོད་རྒྱས་པ་དང༌། ཚོགས་ཆེན་དུ་ཆོ་ག་སྟོང་རྩ་མཛད་པར་ཚོགས་དབུར་ཕྱིན་ཞིང་དགེ་བ་ཛོགས་བྱང་དུ་བསྔོས། དགོན་གནས་བཤད་གྲྭར་སོང་བས་སྔར་འཆམས་སོགས་ཀྱི་རྒྱུན་མི་འདུག་པར། འདི་ཁའི་བན་ཚང་རྣམས་གཙོ་བོར་གྱུར་པས་འཆམས་ཤིག་ཚུགས་ནས་བསམས་པས་འཆམས་ཆས་སྐོར་ལ། གོས་ཅན་གྱི་ཕོད་ཀ་ཉི་ཤུ་སྐོར་དང༌། ཞྭ་ནག །ཕུར་པ། བནྡྷ། ཟངས་རལ། ཕྱག་མཚན་གྱི་རིགས་མང་པོ། འབག་སྣ་ཚོགས་པ་བཅས་བཅའ་ལག་རྣམས་ཆོས་སྡེར་གླིང་ནས་འཇིམ་བཟོ་བ་སོགས་བོས་ཏེ་ལེགས་པར་བསྒྲིགས་ཤིང༌། ཞབས་དྲུང་དབོན་རིན་པོ་ཆེས་དབུས་བན་ཚང་རྣམས་ཀྱིས་ས་འདུལ་འཆམས་སྣ་བཅོ་བརྒྱད། འདོན་བདུན། གྲུབ་འཆམས་སོགས་ཆོས་སྡེར་གླིང་གི་ཕྱག་ལེན་ཇི་བཞིན་བསླབས་ཤིང༌། ཟླ་བ་བཅུ་གཅིག་པའི་ཚེས་བཅུ་གཉིས་ལ་སྟ་གོན་བྱས་ཏེ་སྔ་དྲོ་ཀྱེ་རྡོར་དང༌། ཕྱི་དྲོ་ཁྲོ་བཅུའི་གཏོར་སྒྲུབ་བཅས་ཞག་བརྒྱད་ཀྱི་རིང་སྒྲུབ་མཆོད་གསར་བཙུགས་ལ་ཞབས་ཏོག་སོགས་དེབ་གསལ་ལྟར་རྒྱས་པ་དང༌། བཅོ་བརྒྱད་དུས་ཆེན་ཉིན་འཆམས་ཉིན་གང༌། བཅུ་དགུའི་ཉིན་གཏོར་རྒྱག་སོགས་ཇི་སྲིད་བསྟན་པ་རིན་པོ་ཆེ་ནམ་གནས་བར་ཚུགས་པའི་སྲོལ་བཏོད་དེ་གྲྭ་སྒྲིགས་ལེགས་པར་བྱས་སོ། །འདི་ལོ་ཕན་ཡུལ་ཁུལ་དུ་འབྲུམ་ནད་ཤིན་ཏུ་གཟན་པ་ཡོད་ཀྱང་ཞབས་དྲུང་དབོན་སྐུ་མཆེད་འབྲུམ་པ་མ་བཞེས་པས་སྒྲུབ་མཆོད་དུས་ཇི་ལྟར་འགབ་ཆོས་སྐྱོང་དཔོན་བློན་ལ་བསླབ་སྟོན་ཞུས་པར། བར་ཆད་མེད་པས་ཁས་ལེན་བྱེད་གསུང་བ་བཞིན་དུས་ཆེན་སྐབས་དགོན་པར་འབྲུམ་པ་མང་བར་ཡོད་གཤིས་མི་ཚོགས་ཆེ་བའི་ཁྲོད་ཕེབ་དགོས་གཤིས་བློ་འཛངས་ཆེ་བར་བྱུང་ཀྱང༌། བླ་མ་དཀོན་མཆོག་གི་ཐུགས་རྗེས་འབྲུམ་པ་མ་བཞེས་པས།