R188: ལྕེ་བཙུན་ངག་གི་དབང་ཕྱུག་གི་རྟོགས་བརྗོད་ཤེལ་དཀར་གྱི་ཕྲེང་བ།

  • Pagination (Witness A): ༣༤༦
[A:༣༤༦]འཚོ་མཛད་རྟ་མགྲིན་ཚེ་རིང་གིས་གསོས་སྨན་དང༌། རིམ་གྲོ་འདུས་ཚོགས་སུ་ཆོས་སྒྲོགས། དགོན་ཁག་སོ་སོར་མང་ཇ་སོགས་རྒྱ་ཆེ་བར་མཛོད་པ་ལྷུན་གྲུབ་ཀྱིས་བསྒྲིགས། ནད་གཡོག་མགྲོན་གཉེར་རིན་ཆེན་གྱིས་བྱས་ཤིང་རིམ་བདེར་གྱུར། དབོན་རིན་པོ་ཆེ་གཞི་བསྙེན་གནས་སར་ངེད་རང་ན་བས་ངོས་ཀྱིས་འགྲོ་མ་ཐུབ་ཀྱང་དམིགས་སྐོར་སོགས་ལ་སམ་ཊ་ཞིག་པར་ཕུལ་བ། དེ་ཤོག་བུར་བཤུ་བར་གནང་ཡོད་འདུག་པས་སླར་རེ་གཉིས་ཀྱིས་དཔེ་ཐོག་ཏུ་ཕབ་པས་བསྙེན་ཐབས་ལ་མཁོ་བ་ཞིག་ཀྱང་བྱུང་འདུག གཞུང་ས་ཆེན་པོ་ནས་ཞབས་བརྟན་མཆོད་སྡོང་ཆེན་མོ་གྲུབ་པའི་ལེགས་འབུལ་དུ་ངེད་རང་ནད་མ་དྲགས་པས་འགྲོ་མ་ཐུབ་པར། རྒྱན་དྲུང་དང༌། བླ་ཁག །ལས་ཚན་བཅས་ཕེབ་པར། འབུལ་ཚན་དུ་བཅོ་བརྒྱད་ནས་རྟ། ཇ། ཁྲབ་སོགས་ཀྱིས་གཙོས་པའི་དགུ་ཚན་ཁ་ཤས་དང༌། སྤྱི་སོ་ནས་དགུ་ཚན་ཁ་ཤས་བཅས་རྫོང་བདའ་བྱས་པར། ས་དབང་ཆེན་པོའི་མཇལ་ཁ་སོགས་རྒྱས་པར་བྱུང་འདུག །བཀའ་འགྱུར་རིན་པོ་ཆེར་གླེགས་ཤིང༌། ཞལ་ཁེབས། གདོང་དར། གླེགས་ཐག་སོགས་དངོས་གཙར་བར་བསྒྲིགས། ངེད་རང་ཚོགས་ཆེན་བཅས་ཀྱིས་ཟླ་བ་བདུན་པའི་ནང་དུ་བཅོམ་ལྡན་འདས་ངན་སོང་སྦྱོང་བའི་དཀྱིལ་འཁོར་ལ་བརྟེན་པའི་རབ་གནས་ལེགས་པར་བྱས་ཤིང༌། རྟེན་འབྲེལ་སྟབས་སྤྲུལ་སྐུ་རིན་པོ་ཆེར་ཡོན་བདག་གི་བཀྲ་ཤིས་ཀྱིས་མངའ་གསོལ། ཞབས་དྲུང་དབོན་རིན་པོ་ཆེ་དཔོན་སློབ་རྣམས་ལ་བསྔོ་འབྲེལ་སོགས་ཞུ་མི་རྣམས་དགེ་བ་རྫོགས་བྱང་དུ་བསྔོས། དབྱར་སྨད་འདམ་གཉེན་དྲུང་དུ་སྤྲུལ་སྐུ་རིན་པོ་ཆེ་བཅས་བསྐྱོད་པར་ཆུ་ཚན་འཕྲོད་ཞིང༌། ཡོན་བདག་རྣམས་ཀྱིས་འཕྲད་མི་མང་བར་བྱུང༌། ཞག་བཅོ་ལྔ་སྐོར་ནས་རང་