R188: ལྕེ་བཙུན་ངག་གི་དབང་ཕྱུག་གི་རྟོགས་བརྗོད་ཤེལ་དཀར་གྱི་ཕྲེང་བ།

  • Pagination (Witness A): ༣༤༧
[A:༣༤༧]གནས་སུ་སླེབས། དབོན་རིན་པོ་ཆེ་སྐུ་མཚམས་སར་ངོས་ཀྱིས་ཕྱིན། ལྟས་ལེགས་པ་ཁ་ཤས་བྱུང་འདུག །སྤྲུལ་སྐུ་རིན་པོ་ཆེ་ཆོས་སྡེར་གླིང་དུ་ཕེབ་པའི་ཕེབ་རྫོང་ཆིབས་སྐྱེལ་སོགས་རྒྱས་པར་བྱས། དགུན་ཆོས་སྡེ་ཆེན་པོའི་དུས་ཆེན་ཁག་རབ་བྱུང་བསྙེན་རྫོགས། ཁམས་བྱང་གི་འགྲུལ་པ་རྣམས་ཀྱི་མང་ཇ། ཆོ་ག་སོགས་ཀྱི་ཚོགས་དབུར་ཕྱིན་ཏེ་བྱང་བུ་དང་བསྔོ་བ་བྱས། འདོད་ཆོས་དང༌། ལོ་མཇུག་གི་རིམ་གྲོ་རྣམས་བསྒྲུབས། དགོན་ལག་གི་བྲེལ་བ་རྣམས་ཀྱང་དཀྱུས་བཞིན་དང༌། མེ་བྱ་ལོར་ལོ་གསར་སོགས་རྒྱས་པར་བྱས། རྫོགས་པའི་སངས་རྒྱས་ཀྱི་འཁྲུངས་རབས་མཛད་པ་བརྒྱ་པ་སྐུ་ཐང་དགུར་ཚང་བ་བསམ་སྡིངས་སྤྲུལ་སྐུ་བ་ལྷུན་གྲུབ་བཀྲ་ཤིས་དང༌། ཨ་ངང་བཅས་སྐུ་མཆེད་ཀྱིས་ལོ་གཉིས་ཀྱི་རིང་ཕྱག་བྲིས་མཛད་པར་ཕོག་ཡོན་ཤིན་ཏུ་རྒྱས་པར་ཕུལ་ཞིང༌། གེགས་མེད་དུ་གྲུབ་པའི་རབ་གནས་དང༌། འབུལ་དཔོན་པས་རྒྱུ་ཆ་བསྒྲུབས་པའི་གཉྫི་ར་གཉིས་ལྷན་དུ་ངེད་ཁུ་དབོན་དགེ་འདུན་ལྔ་བཅུ་སྐོར་གྱིས་ཀུན་རིག་ལ་བརྟེན་པའི་རབ་གནས་རྒྱས་པར་བྱས། ངེད་རང་ན་སོའི་སྟབས་རྒྱུན་གྱི་བྱ་བ་རྣམས་དབོན་རིན་པོ་ཆེས་མཛད་དེ། ངེད་རང་གཅད་རྒྱར་བསྡད་པའི་ཟླ་བོ་ཚ་བོ་ཆོས་མཛད་རྒན་པས་བཅར་སྡོད་བྱས་ཤིང༌། ཟླ་བ་བདུན་བརྒྱད་རིང་མཚམས་དམ་པར་བྱུང༌། ཞོལ་ཁང་ནས་བཀའ་འགྱུར་རིན་པོ་ཆེ་མཚལ་སྤར་མ་གདན་དྲངས་པ་དང༌། སློབ་དཔོན་ཆེན་པོའི་གསེར་སྐུ་སོགས་བཞེངས་པའི་རབ་གནས་ལ་ཕྱིན། རབ་གནས་ཤིན་ཏུ་རྒྱས་པ་དང༌། དབང་སོགས་ཐུགས་འདོད་ལྟར་བྱས། རྙེད་བཀུར་ཡང་དག་བྱུང༌། མ་ཡུམ་སྐུ་སྐྱེ་དང་བླ་མ་ཆོས་མཛད་གཉིས་ཁམས་ཕྱོགས་སུ་འབུལ་སྡུད་ལ་རྫོང་བདའི་གྲ་བསྒྲིག་དབོན་ནས་