[A:༣༤༥] སླར་ཡང་ཆོས་སྐྱོང་རྣམས་ལ་ངེས་ཤེས་ཆེ་བར་བྱུང༌། དུས་ཆེན་ཉིན་གྲྭ་འགྲིགས་ཤིང༌། གཏོར་རྒྱག་དུས་རྡོར་སློབ་ཀྱིས་ཟོར་འཕངས་དུས། ཁད་ཉེར་སྤྱང་ཀི་གློ་བུར་དུ་རྒྱུགས་ཤིང་ལུག་གཅིག་དེད་དེ་དུས་ཀྱི་ཆོས་ཉིད་དུ་གྱུར་པ་སོགས་ལྟས་ལེགས་པར་བྱུང་བ་ནི་བསྒྲལ་རྟག་གསལ་བར་མངོན། ཕ་བོང་ཁ་ནས་གྲུབ་པའི་དབང་ཕྱུག་དེ་ཉིད་སྐུ་ལྟེམ་ཡུན་རིང་བར་སྐུ་རིམ་མཐུན་རྐྱེན་གང་དྲག་ཡང་ཡང་ཕུལ་ཞིང༌། ཟླ་བ་འདི་ནང་དུ་སྐུ་ལུས་མ་སྤངས་པར་དག་པ་མཁའ་སྤྱོད་དུ་གཤེགས་ཚུལ་བསྟན་པའི་མཆོད་འབུལ་གྱི་མཐུན་རྐྱེན་སོགས་རྒྱས་པར་ཕུལ་ཞིང༌། ཆོས་མཛད་མ་སྐུ་མཆེད་ལའང་རིམ་གྱིས་ཕན་ཆ་གང་དྲག་ཞུས། རབ་བྱུང༌། བསྙེན་རྫོགས། འདོད་ཆོས་སོགས་སྔར་རྒྱུན་རྣམས་བསྒྲུབས་ཤིང༌། དགོན་ཁག་ཏུ་ཕྱོགས་འགྲོ་ཀྱང་བྱས། ཤིང་ཕག་ལོར་ལོ་གསར་གྲུབ་ནས། དབོན་རིན་པོ་ཆེ་སྐུ་མཆེད་ཀྱི་འབྲུམ་པའི་སྟབས་ཆོས་གཞེས་མཁར་གདོང་དུ་ཀུན་རིག་དང༌། ཛམ་དམར་སོགས་ཀྱི་བསྙེན་པ་མཛད་པའི་དམིགས་སྐོར་སོགས་གང་ཅིའི་བསླབ་བྱ་བྱས། ཚ་བའི་འབུལ་སྡུད་པ་ཁག་གཉིས་དང༌། སྡེ་དགེའི་ཚོངས་པ་རྣམས་རིམ་གྱིས་ཕྱིར་རྫོང་བྱས། ར་མ་རྩེ་ནས་སྡེ་པ་རྒྱལ་བུར་སྐུ་ཞབས་གྲུབ་རྒྱལ་དུ་ཆིབས་ཁ་སྒྱུར་བར་མཇལ་ཁ་ཞུ་བར་སྐུ་ཞབས་སུ་བཅར་ཏེ་རྟ་སོགས་འབུལ་དཔངས་མཐོ་བར་ཕུལ་ཞིང༌། གདན་བཟོས་བདག་རྐྱེན་ཆེ་བར་བཀའ་དྲིན་བསྐྱངས། དབོན་རིན་པོ་ཆེ་སྐུ་མཆེད་སྐུ་མཚམས་གྲོལ་གདོང་དུ་ཕྱིན། ཁད་ཉེར་འབྲུམ་པ་གཟན་ཙམ་འདུག་པར་ཆོས་སྐྱོང་ལ་བསླབ་སྟོན་ཞུས་ནས་ཆོས་གཞིས་བཀྲ་ཤིས་སྒང་དུ་གཅད་རྒྱ་དང༌། ཀྱེ་རྡོར་གྱི་གཞི་བསྙེན་མཛད་པའི་བཀོད་པར་བྱས། དབྱར་ནད་རོས་ཡུན་རིང་ཙམ་འཚེ་བར་