R188: ལྕེ་བཙུན་ངག་གི་དབང་ཕྱུག་གི་རྟོགས་བརྗོད་ཤེལ་དཀར་གྱི་ཕྲེང་བ།

  • Pagination (Witness A): ༣༤༨
[A:༣༤༨]མཛད། མཚམས་ཁོག་ལ་ཕྱོགས་འབྱོན་གཉིས་ཀྱི་སྟབས་ཞབས་དྲུང་དཔོན་རིན་པོ་ཆེས་དབུས་ཉུང་བསྡུས་ལ་རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མའི་ཁྲིད། གསང་འདུས་འཇམ་དཔལ་རྡོ་རྗེ་སོགས་ཟུར་བཀའ་མང་བར་བྱས། བླ་མ་གཉིས་ཐོན་ཉིན་ལུགས་གཉིས་ཀྱི་བསླབ་བྱ་རྒྱས་པ་དང་བཀའ་བསྒོ་བཅས་ཐོན་པར། རྟ་སྐྱེལ་སོགས་འབུལ་སྡུད་པ་གཞན་ལས་ལྷག་པར་བྱས། དབྱར་སྨད་ནད་གཞི་ཕྲན་བུ་ལངས་པའི་མཇུག་བསྐྱང་དུ་འདམ་གཉེན་དྲུང་ཆུ་ཚན་དུ་ཕྱིན་པར་ཞག་བདུན་འཕྲོད་བསྟེན་བྱས་པས་གཟུགས་བཞིར་ཕན་ངོ་ཆེ་བར་བྱུང༌། སྡེ་དགེ་དབོན་པོ་ཚེ་དབང་རྡོ་རྗེ་གོང་ས་ཆེན་པོ་ཡས་ཕྱིན་གྱི་མཇལ་ཁ་ཞུ་བར་བྱོན་པའི་སྔ་འགྲོས་དང༌། ནག་ཆུའི་ཇ་ཁྲལ་ལ་བཀའ་འཛིན་ཞུ་རོགས་སྔ་སོར་ནས་བཅོལ་བར་བརྩེ་བས་གཟིགས་པ་ལེན་པ་བཅས་བང་ཆེན་འབྱོར་བར། བཀའ་འཛིན་རིན་པོ་ཆེ་དང༌། བསུ་བའི་ཆས་དང་བཅས་མཛོད་པ་དང༌། དགེ་སློང་གྲགས་པ་ཕུན་ཚོགས་གཉིས་རོགས་བཅས་ཆུ་ཚན་ཁ་ནས་རྫོང་བདའ་བྱས། འདམ་ནས་ཨོ་ཐོག་དང་ཡོན་བདག་རྣམས་ཀྱིས་མར་ཕྱུར། འབྲི་གཡག་སོགས་སྟེར་ཆ་བྱེད་མི་མང་བར་བྱུང༌། ཚུར་ལམ་དགེ་སློང་མཆོག་ལྡན་གྱིས་རྒྱུས་ཡོད་མཛད་དེ་ཀྱི་རིའི་ལ་བརྒྱུད་ཀླུ་ཁ་སྟོད་དུ་ཕྱོགས་སུ་འོང་བར། ཁ་རག་གི་རིའི་འདབས་སུ་སླེབས་དུས་ནམ་མཁའ་ཤིན་ཏུ་དྭངས་པར་འཇའ་འོད་ཀྱི་གུར་ཕུབ་པ། ཟངས་མདོག་དཔལ་རིའི་རྩེར་དབུས་སུ་རྗེ་བཙུན་རིན་པོ་ཆེ་གྲགས་པ་རྒྱལ་མཚན་གཡས་ས་གནོན། གཡོན་མཉམ་གཞག་གི་སྟེང་དུ་ཀ་པཱ་ལ་བདུད་རྩིས་གང་བ་བསྣམས་པ། གཡས་ཕྱོགས་སུ་གོང་ས་སྐྱབས་མགོན་ལྔ་པ་ཆེན་པོ་ཕྱག་གཡས་རྡོ་རྗེ་སྡིགས་མཛུབ་བཅས་པ་ནམ་མཁའ་ལ་འཕྱར་ཞིང༌། ཕྱག་གཡོན་མཉམ་གཞག་གི་སྟེང་ན་ཚེ་བུམ་བསྣམས་པ། གཡོན་དུ་གོང་མ་མཁྱེན་