[A:༣༤༩]རབ་བསྟན་འཛིན་བཟང་པོ་ཕྱག་གཉིས་མཉམ་གཞག་གི་སྟེང་ན་ཚེ་བུམ་བསྣམས་པ། དེའི་འོག་ཙམ་གྱི་གཡས་སུ་བྲག་དཀར་པོ་ཞིག་གི་ཐོག་རྡོ་རྗེ་ཕག་མོ་དང༌། གཡོན་དུ་བྱེ་མ་ཤུར་རེ་བའི་སྟེང་ནཱ་རོ་མཁའ་སྤྱོད་མ། རིའི་དབུས་སུ་སློབ་དཔོན་ཆེན་པོ་ན་བཟའ་ཟ་ཧོར་ལུགས་གཟི་བརྗིད་དང་ལྡན་པ། འོག་ཏུ་རྒྱལ་པོ་ཆེན་པོ་ངལ་བསོས་པོ་ཕྱག་མཚན་སྤྱི་མཐུན་དང༌། དཔལ་ལྡན་ལྷ་མོ་རྒྱན་ཕྱག་མཚན་མངོན་རྟོགས་ནང་བཞིན་ལས། སྐུ་མདོག་ནག་མོ། ཕྱག་གཡོན་གྱི་གྲུ་མོ་ན་ཞགས་པ་བརྐྱང་བས་མི་ཞིག་རྐེ་ནས་བཟུང་ཏེ་འཁྲིད་པ། ཆུ་སྲིན་གདོང་ཅན་དང་བཅས་པ་ཞལ་མངོན་སུམ་དུ་བསྟན་ཞིང༌། གཞན་ཡང་བར་སྣང་དུ་མཁའ་འགྲོ་མང་པོས་མཆོད་པ་བྱེད་པ། གནས་སྲུང་གི་གནོད་སྦྱིན་གཉིས་སོགས་མཐོང་སྣང་ཤིན་ཏུ་མང་བ་བྱུང་ཞིང༌། ཕ་མས་ཐོག་དྲངས་སེམས་ཅན་ཐམས་ཅད་རྗེས་སུ་འཛིན་པའི་སྨོན་ལམ་ཡང་དག་བཏབ། ཨ་ཧོ་དུ་མའི་སྐྱེ་བའི་སྔོན་རོལ་ནས། །རྗེས་བཟུང་དམ་པའི་ཞབས་པད་ཡུན་བསྟེན་པས། །སླར་ཡང་ངོ་མཚར་ཐུགས་རྗེའི་དགའ་སྟོན་དུ། །གྲུབ་པའི་གནས་ནས་རྗེས་བཟུང་ཞལ་མཆོག་མཐོང༌། །འཛམ་གླིང་སྤྱི་དང་ཁྱད་པར་གངས་ཅན་ཀུན། །ཆོས་ཀྱི་གནས་སུ་བྱིན་བརླབས་ལྷ་སྲིན་རྣམས། །འདུལ་མཛད་ཨོ་རྒྱན་ཆེ་དང་མཁའ་སྤྱོད་མ། །ནོར་ལྷའི་ཚོགས་དང་འདོད་ཁམས་དབང་མོ་སོགས། །བླ་མ་ཡི་དམ་ལྷ་ཚོགས་ཞལ་མཐོང་ཚེ། །སེམས་ཉིད་བརྗོད་བྲལ་ངང་དུ་ཡུན་ཞིག་འབྱམས། །དེ་དག་ལེགས་པར་སེམས་ན་བླ་མ་དང༌། །ཡི་དམ་སྲུང་མས་བྱིན་རླབས་རྗེས་སུ་བཟུང༌། །རིམ་གྱིས་ཐོད་ལེར་འབྱོར་ཞིང་མགོན་ཁང་བྱིན་རླབས་ཅན་འདུག་པ་མཇལ། སྙན་དར་དང་དཀར་མེ་སོགས་མཆོད་