[A:༣༥༣]སྐུ་གདུང་ཡིད་བཞིན་ནོར་བུ་བཞུགས་པའི་ལྷ་ཁང་རྣམས་ཀྱི་རྟེན་མཇལ་དུ་ཕྱིན་སྐབས། སྒོ་ནང་དུ་ཕྲན་བུ་སླེབས་འཕྲལ་གསེར་གདུང་རིན་པོ་ཆེ་ལས་ཚེ་ཆུ་བབས་པ་ངེད་དཔོན་སློབ་བཅོ་ལྔ་སྐོར་གྱིས་ལྕེ་ཐོག་ཏུ་མྱོང་ཆོག་པ་བྱུང་བ་ནི་སྐུ་དངོས་སུ་བཞུགས་པ་དང་མཚུངས་པར་འདི་ཕྱི་ཐམས་ཅད་དུ་བརྩེ་བ་ཆེན་པོ་ནས་མི་འདོར་བའི་བརྡར་སེམས་ཤིང༌། སྙན་ཤལ་དང་མཆོད་པ་སྣ་ལྔ་དངོས་བཤམས་དང་ཡིད་སྤྲུལ་གྱི་མཆོད་སྤྲིན་དང་བཅས་མཎྜལ་རྒྱས་པ། གསོལ་འདེབས། སྨོན་ལམ་ཡིད་རྩེ་གཅིག་ཏུ་བཏབ། དེ་བཞིན་བྱུང་ཚུལ་སྐུ་གཉེར་དབོན་ཐར་རྒྱས་པས་གོང་དུ་བསྙན་འབུལ་ཞུས་འདུག་པས་ཐུགས་ཤིན་ཏུ་དགེས་པར་གནང་འདུག །དགོན་གནས་སུ་འབྱོར་ཏེ་བཅུ་བཞི་དུས་ཆེན་ཐོག་ཆོས་སྐྱོང་སྐུ་ཁོག་གསར་ཕེབ་ལ་སྙན་ཤལ་ལེགས་ཆའི་སྐུ་ཆས་སྤྱན་གཟིགས་སོགས་རྒྱས་པར་ཕུལ་ཞིང༌། ལུང་བསྟན་ཅི་རིགས་ཞུས། སྐུ་ཁོག་ཨ་གསུམ་ལོ་སྔ་མར་དུས་ཀྱི་ཆོས་ཉིད་དུ་གྱུར་སྐབས་བུ་རྒན་པའི་རྨི་ལམ་དུ་ངེད་རང་གིས་བཏང་བ་ཡིན་ཟེར་བླ་མ་མགྲོན་གཉེར་བྱུང་སྟེ་སྐུ་ཆས་རྣམས་རྩིས་ལོང་ཟེར་བ་ཞིག་བྱུང་འདུག་པ་དང༌། ངེད་རང་གི་རྨི་ལམ་དུ་ཆོས་སྐྱོང་ཆེན་པོའི་སྐུ་ཆས་རྒྱས་པ་དང་བཅས་བུ་རྒན་སར་སྐུ་ཕེབ་སྟེ། སངས་རྒྱས་ཀྱི་བསྟན་པ་རྒྱས། དགེ་འདུན་གྱི་སྡེ་དར། གནས་སུ་དབང་ཕྱུག་གི་མཚོ་འཁྱིལ། དོན་བྲག་རི་དབང་གི་ཚེ་ཆུ་དང་གསང་བའི་ལུང་བསྟན་བཅས་དགྱེས་ཚོར་ཆེན་པོར་མཛད་པ་ཞིག་བྱུང་བར། ལོ་གཅིག་བར་འགྱིང་གི་རྣམ་པས་སྐུ་མ་ཕེབས་པར་འཕེན་ཡུལ་ནང་གི་ཡས་མས་ནས་ཡིན་ཟེར་བའི་ཁོག་ཞུགས་མང་བ་ཞིག་བྱུང་ཀྱང་བདག་མེད་དུ་བཞག་ནས། སྐུ་རྟེན་འདི་ཁར་ཁྲུས་དང་གཙང་སྦྲ། སྐུ་