[A:༣༥༢]པའི་སྟབས་སུ་འདུག །ངེད་རང་ལ་གསེར། ཇ། རྟ་དྲེལ། མཛོ་གཡག་སོགས་སྟེར་སྦྱིན་དཔངས་མཐོ་བར་མཛད་ཅིང༌། དགེ་རྩ་བྱང་ཆུབ་མཆོག་ཏུ་བསྔོ་བའི་སྨོན་ལམ་ཡང་དག་པར་བྱས། རྗེས་གནང་སོགས་འདོད་ཆོས་ཕུལ་ཞིང༌། ཕོ་བྲང་ཆེན་པོར་གོང་ས་ཆེན་པོ་ཡས་ཕྱིན་གྱི་མཇལ་ཁ་ཞུ་བར་ཕེབ་པའི། བསླབ་བྱ་དང་རོགས་རམ་ལ་མཛོད་པ་ལྷུན་གྲུབ་ཅན་རྫོང་བདའ་བྱས་ཤིང་བདག་རྐྱེན་བཀའ་དྲིན་ཆེ་བ་གནང་འདུག །ཚུར་འབྱོར་འཕྲལ་བདེ་མཆོག་བོང་ཞལ་ཅན་སོགས་དབང་དང་རྗེས་གནང་གི་རིགས་མང་བར་བྱས་ཏེ་གཙང་དུ་ཕེབ། རབ་བྱུང་བསྙེན་རྫོགས་སོགས་རྒྱུན་གྱི་བྲེལ་བ་རྣམས་དཀྱུས་བཞིན་དང༌། ཕོ་བྲང་ཆེན་པོར་མཇལ་ཁ་ཞུ་བར་ཕྱིན། མཇལ་ཁ་རྒྱས་ཤིང་བདག་རྐྱེན་གནང་སྦྱིན་ཤིན་ཏུ་རྒྱས་པར་བཀའ་དྲིན་བསྐྱངས། དེ་རྗེས་བོད་ཁམས་བསྟན་འགྲོ་ཡོངས་ཀྱི་བསོད་ནམས་ཀྱིས་མ་འཆུན་པས་ཐམས་ཅད་མཁྱེན་གཟིགས་རྒྱལ་དབང་ལྔ་པ་ཆེན་པོ་རེ་ཞིག་གཟུགས་སྐུའི་བཀོད་པ་ཆོས་ཀྱི་དབྱིངས་སུ་མཉམ་པར་གཞག་པའི་ཚུལ་བསྟན་ཏོ། །ས་དབང་གསེར་གྱི་འཁོར་ལོས་སྒྱུར་བ་ཆེན་པོས་འཛམ་གླིང་སྤྱི་དང༌། ཁྱད་པར་ཁ་བ་རི་པ་རྣམས་ཀྱི་བསོད་ནམས་ཀྱི་ཞིང་དུ་རིགས་བརྒྱའི་ཁྱབ་བདག་ལྔ་པ་ཆེན་པོའི་དགོངས་པ་རྫོགས་ཐབས་དང༌། འཕགས་མཆོག་འཇིག་རྟེན་དབང་ཕྱུག་སླར་ཡང་འགྲོ་བ་མཐའ་དག་གི་སྐྱབས་མགོན་དུ་ཕེབ་པ་ཁམས་གསུམ་ཆོས་ཀྱི་རྒྱལ་པོ་མཆོག་གི་སྤྲུལ་སྐུ་དྲུག་པ་ཆེན་པོའི་ཞབས་པད་བསྐལ་བརྒྱར་བརྟན་པའི་ཕྱིར་སྔོན་བྱོན་ཆོས་རྒྱལ་མེས་དབོན་གྱི་མཛད་པ་དང་མཚུངས་པའི་ཞབས་བརྟན་ལྷ་ཁང་ཆེན་མོ་ཞེས་གནྡྷོ་ལ་འཛམ་གླིང་རྒྱན་གཅིག་བཞེངས་པ་བཀའ་དྲིན་ཆེ་བའི་རྟེན་གཙོ་ལྔ་པ་ཆེན་པོའི་