R188: ལྕེ་བཙུན་ངག་གི་དབང་ཕྱུག་གི་རྟོགས་བརྗོད་ཤེལ་དཀར་གྱི་ཕྲེང་བ།

  • Pagination (Witness A): ༣༥༤
[A:༣༥༤]ཆས་གྲ་སྒྲིག །གསོལ་ཁ་དང་འབྱོན་དགོས་པའི་དམ་བསྒྲགས་བྱས་པ་ཐོག་ཏུ་ཁེལ་བས་ཚང་མ་ཡིད་ཆེས་པའི་གནས་སུ་གྱུར་ཏོ། །དུས་ཆེན་ཁག་རྣམས་དང་དགོན་ལག་གི་ཕྱོགས་འགྲོ་དཀྱུས་ལྟར་བྱས། ལམ་འབྲས་ཀྱི་ཆོས་ར་ཚུགས། མེ་གླང་ལོར་ལོ་གསར་དང་ལམ་འབྲས་གྲུབ་ནས་ཨ་ལི་ཆོས་རྗེ་དཔོན་སློབ་རྣམས་ལ་འདོད་ཆོས་ཅི་རིགས་དང༌། གང་ཅིར་སྔར་འཇགས་ཀྱི་གོང་ས་ཆེན་པོར་བཀའ་ཤོག་རིན་པོ་ཆེ་ཞུས་ཏེ་ཕྱིར་རྫོང་བྱས། སྔ་སོར་ནས་གོང་མ་ཁུ་དབོན་གྱི་གསེར་སྐུ་ཞྀག་བཞེངས་འདུན་ཡོད་ཀྱང་ཟིན་མེད་ཀྱི་བྱ་བས་གཡེང་སྟེ་མ་གྲུབ་པར། འདི་ལོ་ཞབས་བརྟན་ལྷ་ཁང་གི་དབུ་མཛད་ཅན་བལ་པོ་ཤིན་ཏུ་མཁས་པ་བཞི་བོས་ཏེ་ལས་གྲྭ་བཙུགས་པར་ཟངས་ལྷས་ཉག་གི་ཁལ་བཅོ་ལྔ་སྐོར་དང༌། གསེར་ཞོ་ཉི་ཤུ་རྩ་གྲངས་བཅས་པའི་རྒྱུ་ཆར། གོང་མ་ཁུ་དབོན་གྱི་སྐུ་སོར་བཅུ་དྲུག་གི་ཚད་ཙམ་དང༌། ཐུབ་དབང་གྲོང་ཁྱེར་མ་ལི་ཚུགས་མདའ་གང་ལྷག་ཙམ་གྱི་རྒྱབ་ཡོལ་བཅས་པ། དབོན་རིན་པོ་ཆེ་དང་མཛོད་པས་ནན་གྱིས་བཞེངས་དགོས་ཚུལ་བྱུང་བ་བཞིན་ངེད་རང་གི་འདྲ་འབག་ཀྱང་ཚད་བླ་མ་གཉིས་དང་མཚུངས་པ་བཞེངས་པར་ལུགས་རྒྱུག་ཅིང་བཟོ་བཀོད་ལེགས་པ་རང་བྱོན་ལྟ་བུར་གྲུབ་སྟེ། བལ་པོ་རྣམས་ལ་ཞག་བཅོ་ལྔ་སྐོར་ནས་སྟེར་སྦྱིན་ཚན་གྲངས་དང༌། སྟོན་མོ་རྒྱས་པ་རེ། རྒྱུན་ཕོག་གཟབ་ཅིང་ཟླ་བ་གསུམ་ཙམ་ནས་ལེགས་པར་གྲུབ་པའི་ཡོན་ཤིན་ཏུ་རྒྱས་པར་བཅས་བཟོ་བོ་རྣམས་རྫོང་བདའ་བྱས། གཟའ་ཚེས་དགེ་བར་ངེད་ཁུ་དབོན། བན་ཚང༌། ནང་སྐོར་སུམ་ཅུ་སྐོར་དང་བཅས་པས་དགྱེས་མཛད་རྡོ་རྗེའི་ཆོ་ག་ལ་བརྟེན་པའི་སྟ་གོན་བཅས་རབ་གནས་བྱས་ཏེ་མཆོད་སྤྲིན་རྒྱ་མཚོའི་དབུས་སུ་བཞུགས་སུ་གསོལ། གྲུབ་འཕྲལ་མཚམས་ལ་