[A:༣༥༥]བསྡད་སྐབས་ནད་རོ་ལངས་ཏེ་འཆི་བར་ཐུག་པ་ཞིག་བྱུང་བར། ཉན་པོ་ནས་གྲུབ་པའི་དབང་ཕྱུག་ཆོས་རྗེ་རིན་པོ་ཆེ་གདན་དྲངས་ཏེ་ཚེ་དབང་སོགས་རྐྱེན་སེལ་གྱི་རིགས་མང་བ། ཚོགས་ཆེན་དུ་བཀའ་འགྱུར་སོགས་རིམ་གྲོ་ཕོན་ཆེ་བ། གཟུངས་འདུས་དང་བཀའ་ཐང་རྒྱུན་འདོན། ཆོས་གཏེར་གླིང་པ་རྣམས་ཀྱིས་མཁའ་འགྲོ་སུན་ཟློག་སོགས་མདོས་རིགས་མང་བ། བན་ཚང་རྣམས་ཀྱིས་བསྐང་བ། ལྷ་མོར་ཕྲིན་བཅོལ་གྱི་སྒེར་བསྐང་བརྒྱ་རྩ་སོགས་ཅི་རིགས་བསྒྲུབས་ཤིང༌། སྤོམ་ཐག་ལ་ངེད་རང་གི་དྲིལ་བུ་བཅས་ཆས་ཀ་འགངས་ཆེ་བ་ཁ་ཤས་ཕུལ། དགོན་ཁག་ཏུ་མང་ཇ་སོགས་རིམ་གྲོ་མང་ཙམ་དབོན་རིན་པོ་ཆེའི་བསླབ་སྟོན་ལྟར་མཛོད་པ་དང༌། གཉེར་པ་གཉིས་བཅས་ནས་བསྒྲུབས་ཤིང༌། འཚོ་མཛད་རྟ་མགྲིན་ཚེ་རིང་གིས་གསོས་སྨན་དང༌། ནད་གཡོག་བསོད་ནམས་རིན་ཆེན་དང༌། ཆོས་མཛད་སྤུན་གྱིས་ཅག་ཐོན་དང༌། དཔོན་རིན་པོ་ཆེ་སྐུ་མཆེད། ཆོས་རྗེ་རིན་པོ་ཆེ། མཛོད་པ། བན་ཚང་སློབ་དཔོན་བསམ་འཕེལ། ཚ་བོ་ཆོས་མཛད། དཔོན་འཚོ་མཛད། གསང་སྦུག་ནས་ཚོང་དཔོན་གཉིས་དགའ་སོགས་ཀྱིས་རྟེན་འབྱུང་དང༌། ཡུན་རིང་འཚོ་དགོས་པའི་བསླབ་སྟོན་ཡང་ཡང་ནན་གྱིས་མཛད་པ་དང༌། བན་ཚང༌། ནང་སྐོར། ནང་བཟན་ཨ་བོ། རྟ་མགྲིན་ཕྲིན་ལས་སོགས་ཡོན་བདག་རེ་གཉིས། དགོན་ཁག་ཆོས་གཞིས་ཁག་གི་མི་སེར་བཅས་ལྟོས་བཅས་ཚང་མས་ཆེ་འབྱོར་ཆུང་འབྱོར་ལྟ་བུའི་དངོས་པོའི་མཎྜལ་ཅི་རིགས་བཅས་རིང་འཚོའི་རྟེན་འབྱུང་མཛད་པས་ཟླ་ཤས་ནས་རིམ་བདེར་གྱུར་སྐབས། ཞབས་དྲུང་དབོན་རིན་པོ་ཆེའི་མནལ་