[A:༣༥༦]ལམ་དུ་དཔལ་ལྡན་ལྷ་མོས་ངེད་རང་བར་ཆད་ལས་རྒྱལ་བའི་གཏང་རག་ཏུ་བསྐང་བ་རྒྱས་པ་ཞིག་དགོས་ཚུལ་བསྐུལ་བ་བྱུང་འདུག་པ་བཞིན། ཟླ་བ་བརྒྱད་པའི་ནང་དུ་སྔར་གྱི་གསོལ་ཁའི་སྟེང་དུ་མངོན་རྟོགས་བསྟོད་པ་དང༌། མཆོད་པ་གསར་བརྩམས་བཅས་ཆོག་བསྒྲིགས་བྱས་ཏེ་བན་ཚང་རྣམས་ཀྱི་ཞག་བདུན་གྱི་རིང་ལོ་བསྟར་སྒྲུབ་མཆོད་ལྟ་བུའི་ཚུལ་དུ་གསར་འཛུགས་བྱས་ཤིང༌། ན་སྐབས་མཁའ་འགྲོ་སུན་ཟློག་མཛད་པའི་ཉིན་འཇའ་ཚོན་སྙིང་པོའི་གཏེར་མའི་གནམ་ལྕགས་ཀྱི་རྡོ་རྗེ་རྩེ་ལྔ་པ་ཞིག་ལག་ཏུ་བྱུང་བ་ནི་བར་ཆད་ཞི་ཞིང་རྟེན་འབྲེལ་སྒྲིག་པའི་ལྟས་སུ་འདུག །མཁའ་འགྲོ་བསུ་བཟློག་གི་ཕྱག་དཔེ་གཡར་པོ་ཞུས་སྐབས་སུམ་ལྡན་རྡོ་རྗེ་འཛིན་པ་དགེ་སློང་རིན་པོ་ཆེས་རྟེན་འབྱུང་གི་གནང་སྦྱིན་གཟབས་པ་གནང་བ་དང་ལྷན་དུ་རྒྱས་པར་མཛད། སྟོན་ཉག་བྲེ་ནས་འབུལ་དཔོན་བླ་མ་མཁྱེན་རབ་ཕུན་ཚོགས་བྱོན་པར་རྟ་བསུ་དང་གཞིས་ལེན་གཟབས་པར་བྱས་ཤིང༌། ཇ་ཕོན་ཆེ་བ། མཛོ་གཡག་སོགས་རྩིས་སྤྲོད་རྒྱས་པར་བྱུང༌། རྩེས་བཟང་བླ་མ་གྲོངས་པའི་མཆོད་ཆ་དང་ཆས་ཀ་འདུག་པས་ཀྱང་སྤྲོད། དགེ་བ་རྫོགས་བྱང་དུ་བསྔོ་བའི་སྨོན་ལམ་ཡང་དག་བཏབ། ཆོ་ག་སྟོང་རྩའི་ཚོགས་དབུར་དབོན་རིན་པོ་ཆེ་ཕེབ་ཅིང་རྟ་ལེགས་པ་དང་དྲེའུ་བཅས་ཕུལ་འདུག །ཁྲི་འདུ་ནས་བླ་མ་ཆོས་མཛད་ཀྱིས་འབུལ་སྐྱེལ་དུ་ཤེས་རབ་པ་ཅན་འབྱོར་ཞིང་ཇ་སོགས་འབུལ་སྐྱེལ་རྒྱས་པ་དང༌། རྟེན་འབྱུང་དུ་འབུལ་བ་ཀྱང་ལོགས་སུ་འབྱོར། འདི་སྐབས་རྨི་ལམ་དུ་བནྡེ་གཞོན་ནུ་ཞིག་གིས་རྫོགས་པའི་སངས་རྒྱས་ལ་འཁོར་དགྲ་བཅོམ་པའི་ཚོགས་ཀྱིས་བསྐོར་བ་དང༌། བྱང་ནས་རྒྱལ་པོ་ཆེན་པོ་རྣམ་ཐོས་སྲས་འཁོར་དང་བཅས་པའང་ཕེབ་ཡོད་པས་ཕེབ་བསུའི་གྲབས་དང་མཇལ་ཁར་ཤོག་ཟེར། ཕྱིན་པས་གཙོ་བོ་བཅོམ་ལྡན་འདས་ཉིད་དགུང་