R188: ལྕེ་བཙུན་ངག་གི་དབང་ཕྱུག་གི་རྟོགས་བརྗོད་ཤེལ་དཀར་གྱི་ཕྲེང་བ།

  • Pagination (Witness A): ༣༥༧
[A:༣༥༧]ལོ་བཅུ་དྲུག་བཅུ་བདུན་ཙམ་ལོན་པ་སྤྲུལ་པའི་སྐུའི་ཆ་ལུགས་དབུའི་གཙུག་ཏོར་དང་བཅས་པ་འཁོར་རྣམས་ཀྱང་ཆོས་གོས་རྣམ་པ་གསུམ་གྱིས་བརྒྱན་པ་དུ་མས་བསྐོར་བ་ཞིག་དང་མཇལ་བ་ན་ཕྱག་གྲངས་མེད་པ་བཙལ་ཏེ་བྱིན་རླབས་ཞུས་པས་དད་མོས་ཀྱི་སྣང་བ་དཔག་ཏུ་མེད་པ་བྱུང་ཞིང༌། རྗེས་སུ་སྙེ་ཐང་ནས་མཇལ་ཁ་ཞུ་དུས་ཁམས་གསུམ་ཆོས་ཀྱི་རྒྱལ་པོ་མཆོག་གི་སྤྲུལ་པའི་སྐུ་དྲུག་པ་ཆེན་པོ་དང་མཇལ་བའི་ཚེ་སྔར་གྱི་རྨི་ལམ་དང་སྐུའི་དབྱིབས་ཤིན་ཏུ་མཐུན་པར་འདུག་པས་རྨི་ལམ་ལ་ངེས་ཤེས་རྙེད། ཟླ་བ་དགུ་པའི་ནང་དུ་ཕོ་བྲང་ཆེན་པོ་ནས་ས་དབང་གསེར་གྱི་འཁོར་ལོས་སྒྱུར་བ་ཆེན་པོའི་ལུང་གིས་སྐྱབས་མགོན་ལྔ་པ་ཆེན་པོ་ཉིད་སྐུའི་བཀོད་པ་དགྱེས་མཛད་རྡོ་རྗེའི་ཐུགས་ཀར་བསྡུ་བའི་ཚུལ་བསྟན་ཀྱང༌། སླར་ཡང་རིགས་བརྒྱའི་ཁྱབ་བདག་མཆོག་གི་སྤྲུལ་པའི་སྐུ་དྲུག་པ་ཆེན་པོར་བསྟན་ཏེ་མི་རིང་བར་ལུགས་བརྒྱའི་སྒོ་འཕར་ཕྱེ་པའི་གནས་ཕོ་བྲང་ཆེན་པོ་རི་བོ་གྲུ་འཛིན་དུ་ཆིབས་ཁ་བསྒྱུར་ཏེ་བསྟན་འགྲོའི་དཔུང་གཉེན་དམ་པར་ཞབས་ཟུང་མི་འཇིགས་སེང་ཁྲིར་བཀོད་པའི་དགའ་སྟོན་ལེགས་འབུལ་གྱི་གྲ་སྒྲིག་བཀའ་དྲིན་ཆེ་བའི་གཏམ་ཚོར་འཕྲལ་འགྲོ་བ་སྤྱི་དང་ཁྱད་པར་བདག་ཅག་མགོན་མེད་པ་རྣམས་ཀྱི་སྐྱབས་མགོན་དུ་ཞབས་པད་ཡུན་རིང་དུ་བརྟན་པ་ཞིག་འོང་བསམས་ཀྱང༌། དེ་ལྟ་བུ་འོང་བ་བསམ་སེམས་དྲན་མེད་ལྟ་བུར་གྱུར་ཀྱང༌། ལེགས་པར་བསམ་ཚེ་ཞིང་ཁམས་སུ་ཕེབ་ནས་ལོ་དེ་ཙམ་སོང་འདུག་ཀྱང་འཁོར་ལོས་སྒྱུར་བ་ཆེན་པོའི་བཀའ་དྲིན་གྱིས་སེམས་ཅན་ཐམས་ཅད་རྫོགས་ལྡན་ལྟར་དུ་བྱམས་པས་སྐྱོང་བར་གནང་ཞིང༌། ཁྱད་པར་མཆོག་གི་སྤྲུལ་སྐུ་རིན་པོ་ཆེའང་སྐུ་ཚད་ལོངས་དང་མཇལ་བས་གུས་ཞབས་པའང་དེ་བར་མ་ཤི་བ་བསོད་ནམས་ཆེ་བསམ་ཞིང་གཟུགས་