[A:༣༥༨]བཞིས་འགྲོ་ཐུབ་པ་རང་གིས་གདེང་ཁེལ་མེད་ཀྱང་མཇལ་འདོད་སེམས་ཀྱིས་མ་ཚུགས་པས་སྙེ་ཐང་དུ་ཞབས་ཕྱིར་བཅར་ཆོག་པའི་ཞུ་ཡིག་འབུལ་བ་དང་གཏམ་སྙན་ལེགས་འབུལ་བཅས་དབོན་རིན་པོ་ཆེ་ཕེབ་པར་མཇལ་ཁ་དང་བདག་རྐྱེན་བཀའ་དྲིན་ཆེ་བར་གནང་ཞིང༌། བསླབ་སྟོན་ལ་ཆོས་རྗེ་རང་སྐུ་བགྲེས་པས་འོ་བརྒྱལ་བ་འདྲའང༌། ཕེབ་བཞེད་ཆེ་ན་སྔ་སོར་གཞན་མར་ཁས་ལེན་མ་བྱས་ཀྱང༌། དེ་ཁ་གཞན་དང་མ་འདྲ་བས་དེ་ཁ་མཛད་ཆོག་ཕེབ་པས་ཚེས་པ་བཅུ་དགུ་ལ་ངེད་ཁུ་དབོན་སྤྲུལ་སྐུ་རིན་པོ་ཆེ་བཅས་སུམ་ཅུ་སྐོར་ཕེབ་བསུར་ལྷ་གདན་སྤྲུལ་པའི་གནྡྷོ་ལ་ཆེན་པོར་འབྱོར། ཕྱི་ཉིན་འཁོར་ལོས་སྒྱུར་བ་ཆེན་པོའི་མཇལ་ཁ་ཞུས། སློབ་བཤད་སོགས་ཀྱི་བཀའ་འདྲི་རྒྱས་པར་གནང༌། མགྲོན་ཁང་དུ་རྣ་བའི་བཅུད་ལེན་སྒྲོགས་པ་གནང་སྐབས་རྟེན་སྐལ་དུ་ཁམས་གསུམ་ཆོས་ཀྱི་རྒྱལ་པོའི་སྐུ་འདྲའི་གདུང་ཚ་བཀའ་དྲིན་བསྐྱངས། ཉེར་བཞིའི་ཕྱི་དྲོ་ན་སོའི་སྟབས་སྟོད་ལུང་བར་སྔ་འགྲོས་སུ་ཕྱིན། ཉེར་ལྔའི་ཉིན་ཤིན་ཏུ་སྔ་བར་མཁར་ནག་གི་འཕྲང་སྣེར་ཕེབ་བསྒུགས་ཞུས་སྐབས་མཆོད་ཡོན་གཉིས་ཀྱིས་ཆིབས་རགས་པ་ཆེན་པོའང་དོག་པོར་བྱེད་ནུས་པའི་མང་ལ་རྒྱས་པ། ཚངས་པ་དང་བརྒྱ་བྱིན་ཀྱང་ཟིལ་གྱིས་གནོན་ནུས་པའི་གཟི་བྱིན་ཕུན་སུམ་ཚོགས་པ་དང་ལྡན་པར་ཆིབས་ཁ་བསྒྱུར་བའི་ཞབས་ཕྱིར་བཅར་དུས་མིག་མཐོང་མི་བཟོད་ཅིང་བསམ་ལས་འདས་པ་ཞིག་ཏུ་གྱུར་ཅིང༌། ནོར་བུ་སྒང་གི་བཞུགས་སྒར་གྱི་ཕན་ཙམ་དུ་མཆོད་ཡོན་བཞུགས་ཁྲིར་ཕེབ་ཅིང༌། བླ་མ། སློབ་དཔོན། རྒྱལ་རིགས། དབོན་རིགས་སོགས། མདོར་ན་འཛམ་གླིང་གི་སེར་སྐྱ་དྲག་ཞན་གྱི་སྐྱེ་བོ་སྟོང་གསུམ་གྱི་འཇིག་རྟེན་ཁེངས་ནུས་པ་ལྟ་བུས་གང་བར་གྱུར་པ་ན། རྒྱང་ཙམ་ནས་ཁམས་གསུམ་འགྲོ་བའི་སྐྱབས་མགོན་རྒྱལ་བའི་དབང་པོ་ཐམས་ཅད་མཁྱེན་པ་ཆེན་