[A:༣༥༩]པོ་ཟས་གཙང་གི་སྲས་འཁོར་དགྲ་བཅོམ་པའི་ཚོགས་ཀྱིས་བསྐོར་བ་ལ་མཆོད་རྫས་དུ་མས་མཆོད་པའི་ལྷ་རྣམས་ཀྱིས་གང་བ་ལྟ་བུས་བལྟ་བས་མི་ངོམས་པའི་ཚོགས་བཅས་ཕེབ་པར་ཞལ་མཇལ་ཞུས་ཤིང༌། བཞུགས་སྒར་དུ་ཕྱིན་ཏེ། མཇལ་རྟེན་ངེད་ཁུ་དབོན་སོ་སོ་ནས་ཕུལ་ཞིང་སྐྱབས་མགོན་ཆེན་པོ་ཡས་ཕྱིན་གྱི་མཇལ་ཁར་བཅར་སྐབས་ཕྲན་བུ་རང་གི་ཁ་བཏགས་ཤིན་ཏུ་ཆེ་བ་ཞིག་བཅས་ངོས་ཀྱི་བདག་མ་ཤི་གོང་དུ་མཆོག་སྤྲུལ་རིན་པོ་ཆེ་ཕེབ་པས་འགྲོ་བ་སྤྱི་དང༌། ཁྱད་པར་བདག་སོགས་རྣམས་ཐུགས་ནས་མ་དོར་བ་བཀའ་དྲིན་ཆེ་ཚུལ་ཞུས་པར་སྤྱན་ཧུར་གྱིས་ཡུན་རིང་དུ་གཟིགས་ཤིང་ཞལ་གྱི་དཀྱིལ་འཁོར་འཛུམ་པར་གྱུར། བཞུགས་གྲལ་དུ་མཁན་པོ་ཐམས་ཅད་ཀྱི་མགོར་ངེད་རང་ལ་གདན་མཐོ་བའི་སྟེང་དུ་འཇོག་པ་བཀའ་དྲིན་ཆེ་བ་སོགས་གཞན་དང་མི་འདྲ་བར་བརྩེ་བས་བསྐྱངས། གསོལ་ཇ་བཞིའི་རིང་འཁོར་ལོས་སྒྱུར་བ་ཆེན་པོས་རྣ་བའི་བཅུད་ལེན་དང་མཐུན་པར་གསུང་བཤད་དབྱངས་ཅན་མགྲིན་པའི་དབྱངས་ཀྱི་ཁེངས་པ་འཕྲོག་ནུས་པ་ཞིག་བཀའ་དྲིན་བསྐྱངས་ཤིང༌། སྟོན་མོ་དང་དགའ་སྟོན་གྱི་བྱེ་བྲག་ཇི་སྙེད་པས་འགྲོ་བ་རྣམས་དགའ་བདེའི་དཔལ་ཡོན་དུ་འཁོད་པར་གནང་བས་རྒན་པོའང་བློའི་རེ་བ་ཡོངས་སུ་རྫོགས་པར་གྱུར་ཏོ། །དེ་ནུབ་བྲག་སྣ་དགོན་དུ་ཕྱིན། ཞག་གསུམ་ཙམ་བསྡད་རིང་དགེ་སློང་ཕན་བདེས་གཞིས་ལེན་རྒྱས་པ་དང༌། རོགས་དན་ཅི་ཤེས་མཛད་ཅིང༌། འཕྲད་མི་མང་བའང་བྱུང༌། རྗེས་གནང་སོགས་འདོད་ཆོས་ཀྱང་ཅི་རིགས་བྱས་ཤིང་དགོན་པར་མང་ཇ་དང༌། མཁན་པོར་བསྔོ་རྟེན་བཅས་ཕུལ་ཏེ་ཕྱིར་ལོག་པས་རང་གནས་སུ་འབྱོར། སོག་ཡུལ་ནས་ཆོས་རྗེ་བསྟན་འཛིན་ནོར་བུ་དཔོན་སློབ་རྣམས་འབྱོར་བར་གཞིས་ལེན་རྒྱས་པར་བྱས་ཤིང༌།