R188: ལྕེ་བཙུན་ངག་གི་དབང་ཕྱུག་གི་རྟོགས་བརྗོད་ཤེལ་དཀར་གྱི་ཕྲེང་བ།

  • Pagination (Witness A): ༣༦༠
[A:༣༦༠] ཞག་ཤས་ནས་དངུལ། གོས་དར། རོལ་མོ། མཆོད་ཆ་སོགས་རྩིས་སྤྲོད་རྒྱ་ཆེ་བར་བྱུང་ཞིང༌། ཚོགས་ཆེན་དུ་མང་ཇ། འགྱེད། ངེད་རང་ཁུ་དབོན་ལ་བསྔོ་རྟེན་བཅས་ཚོགས་གསོག་པར་མཛད་ཅིང༌། དགེ་བ་བྱང་ཆུབ་ཏུ་བསྔོས། ཕོ་བྲང་ཆེན་པོར་མཇལ་ཁ་ཞུ་བར་རྫོང་བདའ་བྱས། འདི་ལོ་ནས་བཟུང་རྣམ་སྲས་ཀྱི་སྒྲུབ་པ་བསྟོད་ཆེན་རྒྱས་པ་བཅས་ཞག་ལྔ་པ་ཞིག་ཀྱང་ཇི་སྲིད་བསྟན་པ་རིན་པོ་ཆེ་མ་གནས་བར་དུ་འཛུགས་སྲོལ་གཏོད། ཟླ་བ་ཕྱི་མའི་ནང་དུ་ངེད་རང་ཁུ་དབོན་བཞི་བཅས་བཞི་བཅུ་སྐོར་གྱིས་ལེགས་འབུལ་ཞུ་བར་སྲོ་བརྒྱུད་དེ་རིམ་གྱིས་ར་ས་འཕྲུལ་སྣང་གི་སྡེ་ཆེན་པོར་སླེབས། ཉེར་ལྔའི་ཉིན་ཕོ་བྲང་ཆེན་པོར་ཆིབས་ཁ་བསྒྱུར་བའི་ཞབས་ཕྱིར་སྙེ་ཐང་དུ་རྒྱན་དྲུང་རྫོང་བདའ་བྱས། སྐྱེད་ཚལ་ཀླུ་སྡིངས་སུ་ངེད་ཁུ་དབོན་གསུམ་རྒྱུན་གྱི་དབང་པོའི་འདུས་ཚོགས་བཅས་ཀྱིས་མཇལ་དར་བཅས་ཕེབ་བསུ་དང་ཕྱག་དབང་ལ་ཕྱིན། ཕྱི་ཉིན་ཞབས་དྲུང་དབོན་རིན་པོ་ཆེ་དང་རྒྱན་དྲུང་བཅས་དཔོན་སློབ་མང་ཙམ་གྱིས་ཆིབས་བསུ་དང༌། དགེ་འདུན་སུམ་བརྒྱ་སྐོར་གྱིས་སེར་ཕྲེང་ཞུས། ཕྱི་ཉིན་མཁར་རྩེ་ཁུལ་དང་ལྷན་དུ་ལེགས་འབུལ་ཞུས་པར་དངུལ་སྲང་བདུན་ཅུ་དོན་གཉིས་བསླབ་སྟོན་དུ་ཕེབ་ཀྱང༌། ངེད་རང་ནས་བརྒྱད་ཅུ་ཐམ་པར་སྐོར་བའི་འབུལ་ཚན་དང༌། སྤྱི་སོ་ནས་བླ་ཁག་ལས་ཚན་བཅས་ཚང་མས་བསླབ་སྟོན་ལྟར་ཞུས། གདན་བཟོས་དང་སྟོན་མོ་རྒྱས་པར་བཀའ་དྲིན་བསྐྱངས། སྒེར་མཇལ་དུ་གོང་ས་ཆེན་པོ་ནི་འགྲོ་བ་སྤྱི་དང༌། ཁྱད་པར་ཕྲན་བུར་བཀའ་དྲིན་གཞལ་དུ་མ་མཆིས་པ་ཡིན་པ་དང༌། ས་དབང་གསེར་གྱི་འཁོར་ལོས་སྒྱུར་བ་ནི་སྐྱབས་མགོན་ཆེན་པོ་དག་ཞིང་དུ་གཤེགས་པའི་ཚུལ་བསྟན་ཅིང༌། མཆོག་གི་སྤྲུལ་པའི་སྐུ་སྐུ་ན་མ་ཕེབས་པར་དུ་འགྲོ་བ་སྤྱི་དང༌། ཁྱད་པར་