[A:༣༦༢]དྲུག་སོགས་འཁོར་དྲུག་ལྔ། གཞན་ཡང་དར་རས། སྣམ་བུ་སོགས་ཀྱི་དགུ་ཚན་བདུན་བཅས་སྒེར་མཇལ་དཔངས་མཐོ་བ་ཞུས་པར། མཇལ་ཁ་བདག་རྐྱེན་སོགས་ཤིན་ཏུ་ལེགས་པ་བརྩེ་བས་གཟིགས། འགྲོ་ཀུན་བསོད་ནམས་དཔལ་ལས་ལེགས་གྲུབ་པའི། །འགྲོ་བའི་སྐྱབས་གཅིག་པད་དཀར་འཆང་བ་དེ། །འགྲོ་བའི་དཔུང་གཉེན་ཆེད་དུ་སླར་ཡང་ནི། །འགྲོ་བའི་ཞིང་དུ་སྤྲུལ་པའི་ཟློས་གར་བསྒྱུར། །འཛམ་གླིང་ས་ཡི་ལྟེ་བ་རྡོ་རྗེ་གདན། །རང་བྱོན་འཕགས་པའི་གཞལ་ཡས་ཁང་ཆེན་པོར། །ཕེབ་སྟེ་ཞབས་ཟུང་འཁོར་ལོའི་རེ་ཁཱ་ཅན། །སླར་བཅས་འགྲོ་བ་ཡོངས་ཀྱི་ཅོད་པན་དུ། །བཀོད་པའི་ངོ་མཚར་གཏམ་གྱི་ཕྲེང་བ་ནི། །ངག་ལ་དབང་ཐོབ་ཚངས་པའི་སྲས་ཀྱིས་ཀྱང༌། །བརྒྱ་ཕྲག་བསྐལ་པར་བརྗོད་ཀྱང་མི་ལང་ན། །བདག་འདྲ་བྱིས་པའི་བློ་ཡིས་ཅི་ཞིག་ནུས། །ཨ་ཧོ་ཚེ་རབས་དུ་མར་རྗེས་བཟུང་བའི། །ཁམས་གསུམ་འགྲོ་བ་ཀུན་གྱི་སྐྱབས་གཅིག་པུའི། །ཞལ་དཀྱིལ་སླར་ཡང་བདག་གིས་མཐོང་བ་ནི། །དཔག་མེད་བསོད་ནམས་བསགས་པའི་འབྲས་བུར་ངེས། །ཞག་ཤས་བསྡད་དེ་དགེ་སློང་རིན་པོ་ཆེར་ཚེ་དཔག་མེད་དྭངས་མ་བཅུད་འདྲེན་སོགས་འདོད་ཆོས་ཁ་ཤས་ཞུས་ཏེ་སྲོ་བརྒྱུད་དགོན་གནས་སུ་སླེབས། དེ་སྔོན་ནས་ནད་རོས་ཡང་ཡང་འཚེ་བའི་གཟུགས་བཞི་ཤིན་ཏུ་མི་ཐོང་བ་ཞིག་ཡོད་ཀྱང༌། གོང་ས་ཆེན་པོ་དང་མཇལ་ནས་བཟུང་བྱིན་རླབས་ཀྱིས་ན་ཚོད་རིམ་སླེབས་མ་གཏོགས་ནད་གཞི་ཆེར་མེད་པས་གཟུགས་བཞི་ཐོང་དུ་སོང་བ་ཞིག་བྱུང༌། རྩེ་གདོང་ནས་ཞབས་དྲུང་རིན་པོ་ཆེ་གོང་ས་ཡས་ཕྱིན་མཇལ་ཁར་ཕེབ་ཞོར་རྒྱུན་གྱི་དབང་པོར་ཆིབས་ཁ་སྒྱུར་བར་ཆིབས་བསུར་རྒྱན་དྲུང་གིས་གཙོས་ཆོས་སྡེ་ཆེན་པོའི་བླ་ཁག་ལས་ཚན་བཅས་མང་བ་དང༌། དགེ་འདུན་