[A:༣༦༣]སུམ་བརྒྱ་སྐོར་གྱིས་སེར་ཕྲེང་གིས་ཕེབ་བསུ་སོགས་ཤིན་ཏུ་རྒྱས་པར་ཞུས་ཤིང༌། ངེད་རང་ནས་རྟ་ལེགས་པ་སོགས་འབུལ་དཔངས་མཐོ་བའང་ཕུལ། སྟོན་མོ་སྦོམ་འབུལ་ཞུས། བླ་ཁག །སྤྱི་སོ། ལས་ཚན། ཁམས་ཚན་ཁག་སོགས་ནས་ཀྱང་གང་འབྱོར་གྱི་འབུལ་བ་རྒྱ་ཆེ་བར་ཞུས་སོང༌། ཡར་ཆིབས་ཁ་སྒྱུར་སྐབས་ཆིབས་སྐྱེལ་སོགས་རྒྱས་པར་ཞུས། ཆོས་སྡེ་ཆེན་པོའི་དུས་ཆེན་ཁག་རྣམས་གྲུབ་ནས་སྤྲུལ་པའི་སྐུ་གཙང་དུ་ཕེབ་པར་ཕེབ་སྐྱེལ་སོགས་སྔར་ལྟར་བྱས། སོག་ཡུལ་དུ་ཆོས་རྗེའི་གདན་སར་ཚ་བ་མཁྱེན་རབ་ཕུན་ཚོགས་དང༌། དགེ་འདུན་སྤེལ་སོའི་ཐོག་ཏུ་ཨ་མདོ་བླ་མ་དབུ་མཛད་བཅས་རྫོང་བདའ་བྱས། ལོ་མཇུག་གི་རིམ་གྲོ་རྣམས་སྔར་ལྟར་དང་དགོན་ཁག་གི་ཆོས་ར་སོགས་དབོན་ནས་མཛད། ས་སྟག་ལོར་ལོ་གསར་དང༌། དབྱར་མཚམས་ལ་བསྡད་སྐབས་ནད་རོ་ཅུང་ཟད་འཕར་བར་རིམ་གྲོ་འཕྲོད་བསྟེན་སོགས་བྱས་པས་ཡར་ལྡན་དུ་གྱུར། ཟླ་བ་བཞི་པའི་ནང་དུ་ས་སྐྱ་ནས་འཇམ་མགོན་ས་སྐྱ་པ་ཆེན་པོ་གོང་ས་ཡས་ཕྱིན་གྱི་མཇལ་ཁར་ཕེབ་པར་གུང་ཐང་དུ་ཕྱག་དབང་ཞུ་བར་ཕྱིན། བཞེས་སྤྲོ་ཤ་རྩམ་སོགས་སྦོམ་འབུལ་དཔངས་མཐོ་བ་དང༌། འགྱུར་མེད་རྡོ་རྗེ་རྒྱ་གྲམ་གྱིས་མཚན་པའི་སྟན་དཀར། གསེར་དངུལ་གྱི་མཎྜལ། རྒྱ་སིལ་ལེགས་པ་སོགས་དགུ་ཚན་ཁ་ཤས་ཀྱི་འབུལ་བ་རྒྱས་པར་ཕུལ། བཀའ་དབང༌། ཕྱག་མདུད། དམ་རྫས། གནང་སྦྱིན་སོགས་ཤིན་ཏུ་ལེགས་པར་བཀའ་དྲིན་བསྐྱངས་ཤིང༌། གང་ཅིའི་སྙན་འབུལ་དང་བཀའ་འཕྲོས་ཞིབ་པར་བྱུང༌། ཕྱི་ཉིན་ཕེབ་སྐྱེལ་ཞུས་ཏེ་གུང་ཐང་གི་ཞང་གཡུལ་ལས་རྒྱལ་བའི་སྐུ་བརྙན་གྱི་གཙོས་མཆོད་ཁང་རྣམས་