[A:༣༦༤]ཞིབ་པར་མཇལ། སྙན་དར་དང་མཆོད་པ་རྒྱས་པར་ཕུལ། བསྟན་འགྲོའི་དོན་དུ་སྨོན་ལམ་ཡིད་ཚིམ་པར་བཏབ། སྲི་གཅོད་འབུམ་པར་བསྐོར་བ་ཁ་ཤས་ཀྱང་བྱས། ཚུར་ལམ་བདེ་ཆེན་གྱི་གནས་ཚང་དུ་བསྡད་པར་གྲུབ་ཐོབ་རིན་པོ་ཆེའི་སྐུ་ཡིན་ཟེར་བ་ཞིག་འདུག་པ་ལག་ཏུ་བླངས་པར་སྟོབས་འཕྲོག་དབང་པོའི་སྐུ་གཉན་ལོ་ཆེན་པོའི་ཕྱག་ནས་མ་ཡིན་ངེས་ཤིག་འདུག་པར་མཚོན་ཆ་ཞིག་བསླུ་ཡོན་ཏུ་བཏང་ནས་བསླུ་གཏོང་དགོས་ཚུལ་ལབས་པར། ལོས་འབུལ་ཟེར་སྤྲད་བྱུང་བ་རྟེན་འབྲེལ་ལེགས་པར་སེམས། རང་གནས་སུ་འབྱོར་ཏེ་ཉག་བྲེའི་འབུལ་དཔོན་བ་རྫོང་བདའ་མཛད་པའི་བཀོད་པ་དང༌། ཆུ་བཟང་གི་ཆུ་ཚན་ལ་ཕྱིན་པར་ཕར་ཕྱིན་ཡོན་བདག་རྣམས་ཀྱིས་གཞིས་ལེན་དང་སྟེར་ཆ་རྒྱས་པར་བྱུང༌། གོང་ས་སྐྱབས་མགོན་ཆེན་པོ་དཔལ་ལྡན་འབྲས་སྤུངས་སུ་ཆིབས་ཁ་བསྒྱུར་ཏེ་ཚད་མའི་གསན་སྦྱོང་བཀའ་དྲིན་བསྐྱངས་པའི་ལེགས་འབུལ་དུ་ཞབས་དྲུང་དབོན་རིན་པོ་ཆེ་ཕེབ་པར་བདག་རྐྱེན་སོགས་ལེགས་པ་བཀའ་དྲིན་བསྐྱངས་འདུག །ཟླ་བ་བདུན་པའི་ནང་དུ་དེ་སྔོན་ནས་གསང་སྦུག་ཚོང་དཔོན་ལགས་ཀྱིས་ཙནྡན་དམར་པོ་གནང་བར། མཛོད་པ་ལྷུན་གྲུབ་ཀྱི་སྒེར་ནས་ཡོན་བདག་བྱས་ཏེ། དཔལ་ལྡན་ལྷ་མོའི་སྐུ་མདའ་གང་ཙམ་ཞིག་བཞེངས་པ་དང༌། དབོན་རིན་པོ་ཆེ་དཔོན་སློབ་ལྷ་སར་ཕེབ་སྐབས་བར་ཁང་ནས་རྣམ་སྲས་ཀྱི་སྐུ་བརྒྱ་རྩ་བརྒྱད་གྲུབ་པར་གསེར་དངུལ་ལྗི་བ་གསོལ་ཏུ་བཏང་སྟེ། ངེད་ཁུ་དབོན། མཚུངས་མེད་ཆོས་རྗེ་རིན་པོ་ཆེ། བན་ཚང་སུམ་ཅུ་སྐོར་བཅས་ཀྱིས་རབ་གནས་ལེགས་པར་བྱས་ཏེ་ཞག་བདུན་གྱི་རིང་གསོལ་ཁ་བསྐང་བ་སོགས་རྒྱས་པར་བྱས། སྡེ་དགེ་ནས་ལེགས་འབུལ་དུ་ཚོང་དཔོན་ཅན་བཏང་འདུག་པར་དཔོན་པོ་སོ་སོའི་ཕྱག་བྲིས་འདུག་པ་