R188: ལྕེ་བཙུན་ངག་གི་དབང་ཕྱུག་གི་རྟོགས་བརྗོད་ཤེལ་དཀར་གྱི་ཕྲེང་བ།

  • Pagination (Witness A): ༣༦༥
[A:༣༦༥]བླངས། གཙང་ནས་དབོན་པོ་བོས་ཏེ་ལེགས་འབུལ་དུ་རྫོང་བདའ་བྱས། ཟླ་བ་བརྒྱད་པའི་ནང་དུ་ཞབས་དྲུང་དབོན་རིན་པོ་ཆེས་ཚོགས་ཆེན་དུ་དཔལ་རྡོ་རྗེ་ཕྲེང་བའི་དབང་གཟིམས་ཁང་འོག་མ་པ་རྣམས་ཀྱི་ཐུགས་བཞེད་ལྟར་ཞག་བཅོ་བརྒྱད་པར་རྒྱས་པ་ཞིག་མཛད། མ་ཡུམ་སྐུ་སྐྱེས་འབུལ་སྐྱེལ་དུ་དཔོན་གཉེར་ཀུན་དགའ་བཀྲ་ཤིས་རྫོང་བདའ་མཛད་པ་འབྱོར། ཕྱག་བྲིས་ནང་བཞིན་རྩིས་སྤྲོད་རྒྱས་པར་བྱུང༌། ཚོགས་ཆེན་དང་ཕྱོགས་འདུས་ཚོར་ལམ་འབྲས་ཀྱི་ཆོས་ར་ཞིག་དང་རབ་བྱུང༌། བསྙེན་རྫོགས། འདོད་ཆོས། བྱང་བུ། བསྔོ་སྨོན། དུས་ཆེན་ཁག་སོགས་རྒྱུན་གྱི་བྱ་བ་རྣམས་དང༌། དགོན་ཁག་གི་ཆོས་ར་སོགས་དབོན་གྱིས་མཛད། ས་ཡོས་ལོར་ལོ་གསར་དང༌། གོང་ས་ཆེན་པོ་ཡས་ཕྱིན་བདག་སོགས་འགྲོ་བ་རྣམས་ཀྱི་མགོན་དུ་ཞབས་པད་ཡུན་རིང་དུ་བརྟན་པའི་ཕྱིར་ཞབས་བརྟན་འབུལ་བར། ངེད་ཁུ་དབོན། བླ་ཁག །ལས་ཚན། འདུས་པའི་ཚོགས་དང་བཅས་པ་ཕྱིན་པར། ངེད་རང་ན་སོའི་སྟབས་ཀྱིས་མདའ་སྐོར་ལ་ཕྱིན། དབོན་རིན་པོ་ཆེ་དཔོན་སློབ་རྣམས་ལར་ཕེབ་པའི་ལམ་དུ་སྡེ་པ་དྲུང་ཡིག་ལགས་ཀྱིས་ཞབས་བརྟན་དུས་ཚེས་ཀྱིས་གཏུགས་པས་འཕྲལ་འབྱོར་དགོས་ཚུལ་གྱི་ཕྱག་བྲིས་གནང་འདུག་པར། དགོན་གནས་ངེད་རང་བཅས་ཀྱི་སར་བང་ཆེན་སོ་སོར་བཏང་འདུག་པ་འབྱོར་འཕྲལ་ཕྱིན་པས། ལྷ་སར་སླེབ་དུས་འབུལ་ཚན་སོགས་ཚང་མ་འགྲིགས་པ་བྱུང་འདུག་པས། སང་སྔ་ཆར་ཞབས་བརྟན་དུ་ཕྱིན། སྤྱི་འབུལ་ལ་ངེད་རང་ནས་དགུ་ཚན་དཔངས་མཐོ་བ་ལྔ། གཟིམས་ཁང་ནས་ལྔ། སྤྱི་སོས་ལྔ། མཇལ་དར་ལེགས་པ་གཉིས་རེ་བཅས་ཤིན་ཏུ་རྒྱས་པ་དང༌། སྒེར་མཇལ་དུ་ངེད་རང་ནས་དགུ་ཚན་གསུམ་རེ་ཕུལ། གདན་