[A:༣༦༦]བཟོས་སྟོན་མོ་སོགས་གཞན་དང་མི་འདྲ་བར་བཀའ་དྲིན་བསྐྱངས། བྱམས་གླིང་མཁན་རིན་པོ་ཆེར་རྣལ་འབྱོར་མའི་བྱིན་རླབས་དགོས་གསུང་བར་ཕུལ། ལུགས་གཉིས་ཀྱི་བཀའ་འཕྲོས་ཀྱང་ཞིབ་པར་བྱུང༌། ཆོ་འཕྲུལ་ཟླ་བའི་ཚེས་བཅུ་བཞིའི་རྒྱལ་ཕུར་འགྲུབ་སྦྱོར་ཐོག་གནས་བརྟན་ཆེན་པོ་འཇམ་དབྱངས་གྲགས་པའི་སྐུ་ཞབས་ནས་དབོན་རིན་པོ་ཆེ་བསྙེན་པར་རྫོགས་པ་དགེ་སློང་གི་སྡོམ་པ་ལེགས་པར་སྩལ་བའི་ཕྱག་ཕྱིར་མཛོད་པ། བན་ཚང་སློབ་དཔོན་བསམ་འཕེལ་དང༌། འབུལ་དཔོན་ཆོས་གྲགས་རྣམས་ཀྱིས་བསྙེན་རྫོགས་ཞུས་སོང༌། དེ་བསྟུན་ངེད་རང་གིས་ཀྱང་ཕོ་བྲང་དུ་ཕྱིན་ཏེ་མཆོད་མཇལ་ཞུས་པར། གོང་ས་ཆེན་པོ་སྐུ་མཚམས་སྟབས་མཆོད་སྡོང་ཆེན་མོའི་ཐུགས་མཇལ་ཇི་ལྟར་འགབ་ཞུས་པར། ཆོས་རྗེ་གཞན་དང་མ་འདྲ་བས་ཁུ་དབོན་དེ་ཁ་བྱས་ཆོག་ཚུལ་བཀའ་དྲིན་བསྐྱངས་པས་མཆོད་མཇལ་རྣམས་ཤིན་ཏུ་ལེགས་པར་བྱུང༌། དགེ་སློང་རིན་པོ་ཆེར་གང་ཅིའི་བསླབ་སྟོན་ཞིབ་པར་ཞུས། ཟུར་ཆས་དཔངས་མཐོ་བ་དང༌། དགེ་འདུན་རྣམས་ལ་ཞག་བཅུའི་རིང་སྐུ་རིམ་བཀའ་དྲིན་བསྐྱངས་པར། ཡོན་སོགས་བཀའ་དྲིན་ཆེ་བར་གནང་འདུག །རིམ་གྱིས་བསྐྱོད་དེ་གཉན་ལོ་ཆེན་པོའི་བཞུགས་གནས་མེ་འབར་གྱི་གཙུག་ལག་ཁང་འབྲོམ་སྟོད་དུ་ཕྱིན། བསྐང་བ་སྤྱན་གཟིགས་སོགས་རྒྱས་པར་ཕུལ་ཞིང༌། རྒྱལ་བསྟན་སྤྱི་དང་བྱེ་བྲག་གི་བསྟན་པ་དར་ཞིང༌། འགྲོ་བ་རྣམས་ལ་བདེ་སྐྱིད་འབད་མེད་དུ་འབྱུང་བའི་ཕྲིན་བཅོལ་བྱས་སྐབས། ཡུམ་ཆེན་བཞིས་གཙོ་བོའི་སྐུ་ལ་དངོས་སུ་བསྐོར་བ་བྱེད་པ་སོགས་ཀྱི་མཐོང་སྣང་ཤིན་ཏུ་གསལ་བར་བྱུང༌། དགོན་ལག་ཤབ་ཏུ་ཕྱིན། བླ་མས་གཞིས་ལེན་རྒྱས་པར་མཛད་ཅིང༌། ཞག་གཉིས་བསྡད་རིང་