[A:༣༦༧]མདའ་ཕྱོགས་ཀྱི་ཡོན་བདག་རྣམས་སྤྲིན་བཞིན་འདུས་ཏེ་ཡུལ་བབས་དང་བསྟུན་པའི་སྟེར་ཆ་ཡང་དག་བྱུང་ཞིང༌། མང་ཇ། བསྔོ་རྟེན། ཡོན་བདག་སོ་སོར་སྟེར་ཆ་སོགས་གང་ལ་གང་འཚམས་བྱས། རྒྱུན་གྱི་དབང་པོར་འབྱོར་འཕྲལ་ནད་རོ་ཡ་མར་བབས་པ་ལྟ་བུའི་ཤིན་ཏུ་ཐུབ་ཞིག་ན་བར། ཉན་པོ་ནས་མཚུངས་མེད་ཆོས་རྗེ་རིན་པོ་ཆེ་གདན་དྲངས་ཏེ་བཀའ་དབང་བསུ་བཟློག་སོགས་རྐྱེན་སེལ་གནང་བ་དང༌། ཚོགས་ཆེན་གྱིས་བཀའ་འགྱུར། བན་ཚང་གིས་བསྐང་བ། དགོན་ཁག་སོ་སོར་མང་ཇ། སྔགས་པས་མདོས་རིགས་སོགས་རིམ་གྲོ་རྣམས་དབོན་རིན་པོ་ཆེས་ཞལ་བཀོད་མཛད་ཅིང༌། འཚོ་མཛད་དོན་འགྲུབ་ཀྱིས་གསོལ་སྨན་སོགས་གཞན་དང་མ་འདྲ་བས་རིམ་བདེར་གྱུར། འཚོ་མཛད་སྐུ་མཆེད་འདི་གཉིས་ངེད་རང་རྣམས་ཀྱི་བསོད་ནམས་ལས་གྲུབ་པ་ལྟ་བུའི་ལས་འབྲེལ་གྱིས་ཕན་ཐོགས་ཆེ་བའི་སྐུ་དྲིན་གཞལ་དུ་མ་མཆིས་པ་ལས། གཟུགས་བཞིར་དཔགས་ན་ད་ཙམ་སྡོད་པར་དཀའ་བ་ཞིག་གི་གནས་སུ་འདུག །སྒོམ་ཁང་འདི་བླ་མ་གོང་མ་ན་རིམ་གྱིས་བཞུགས་གནས་ཡིན་པར་མ་ཟད། གོང་མ་ཆོས་ཀྱི་སྤྱན་ལྡན་གྱི་ཐུགས་འདུན་གཞན་དང་མི་འདྲ་བའི་གནས་ཡིན་པས་བདག་རྐྱེན་དགོས་གྲས་ཡིན་ཀྱང༌། བར་སྐབས་བླ་མ་སོགས་ལས་ཚན་རྣམས་ཁུར་བསམ་ཆུང་བ་དང༌། ས་ཁད་འགྱངས་པ་བཅས་ཉམས་ཆག་ཆེ་ཞིང༌། ཁང་པའང་ཞིག་རལ་ཆེས་པ་སེམས་ཀྱིས་མ་བཟོད་པར་དབོན་རིན་པོ་ཆེར་མཁར་ལས་མཛད་དགོས་པའི་བཀོད་ཁྱབ་བཅས་ཕེབ་པར་གྲ་སྒྲིག་ལས་བཀོད་སོགས་ཀྱི་ཞབས་ཕྱི་དགེ་སློང་ཆོས་མཛད་དང༌། མགྲོན་གཉེར་རབ་འཕེལ། གཉེར་པ་རྒྱལ་པོ་བཅས་ཀྱིས་བྱས་ཤིང༌། བཙུན་མ་རྣམས་