[A:༣༦༨]དང་མཁར་སྔོང་གི་མི་ལག་སོགས་ཀྱིས་གཟྀམས་ཕུག་ཚོགས་ཁང༌། བླ་ཡེར་སྐོར། འབུམ་པ་རྟ་ལམ་སོགས། མདོར་ན་ཞིག་གསོས་དགོས་གྲས་གང་ཡོད་དང༌། གསར་བཟོ་བཅས་ཚང་མ་ཟླ་བ་ཕྱེད་གཉིས་ཀྱི་ཁོངས་སུ་ལེགས་པར་གྲུབ་འདུག་ཅིང༌། ཟླ་བ་དྲུག་པའི་ནང་དུ་ཤར་བར་ཚེ་སྒྲུབ་ཅིག་དང་སྦྲགས་བལྟ་རྟོག་དང་རབ་གནས་ལ་ཕྱིན། དགོན་གནས་འདི་མེ་འབར་གྱི་གཙུག་ལག་ཁང་དང་ཁྱད་པར་མེད་པའི་དམ་ཅན་ཆོས་སྲུང་རྣམས་སྤྲིན་བཞིན་འདུ་བའི་གནས་མཆོག་དམ་པ་ཡིན་གཤིས། གོང་ས་ཆེན་པོ་ཡས་ཕྱིན་གྱི་དབུས་བསྟན་འཛིན་གྱི་སྐྱེས་བུ་དམ་པ་རྣམས་ཞབས་པད་བསྐལ་བརྒྱའི་བར་དུ་བརྟན་ཅིང༌། རྒྱལ་བསྟན་སྤྱི་དང༌། ཁྱད་པར་རྡོ་རྗེ་འཆང་མཁྱེན་རབ་ཡབ་སྲས་ཀྱི་བསྟན་དང་དེ་འཛིན་རྣམས་ཀྱི་བར་ཆད་ཞི་ཕྱིར། མ་ཧཱ་ཀཱ་ལ་སྟོབས་འཕྲོག་དབང་པོའི་སྐུ་རྟེན་དུ་གཉན་ལོ་ཆེན་པོའི་ཕྱག་ནས་མ་དང༌། འགྲོ་བའི་མགོན་པོ་ཆོས་རྒྱལ་འཕགས་པའི་ཐུགས་དམ་རྟེན་བྲམ་གཟུགས་ཀྱི་སྐུ་གཉིས། གཉན་ལོའི་ཤང་མཚལ་ལས་གྲུབ་པའི་སྐུ་ཐང༌། གསུང་རྟེན་བེའུ་བུམ་ཧ་ལ་ནག་པོ་དང༌། དམ་རྫས་ཁྲི་རྡོ། ཐུགས་རྟེན་འཇའ་ཚོན་སྙིང་པོའི་གཏེར་མ་གནམ་ལྕགས་རྡོ་རྗེ། ཡོན་ཏན་གྱི་རྟེན་དུ་མཚན་ལྡན་ཐོད་པ་གཏེར་བུམ་ཁྱད་འཕགས། ཕྲིན་ལས་ཀྱི་རྟེན་དུ་ས་སྐྱ་པ་སྔགས་འཆང་གྲགས་པ་བློ་གྲོས་ཀྱི་སྐུ་ཕུར། གཞན་ཡང་རྟེན་ཐུག་གོ་མཚོན་སོགས་སྤྱན་གཟིགས་དང་བཅས་པ་ལེགས་པར་བསྒྲིགས་ཏེ་ཕྱིན་སྐབས་བསང༌། དར་འཕྱར། རོལ་མོ་སོགས་ཤིན་ཏུ་རྒྱས་པར་བྱེད་འདུག །ཞག་བཅོ་ལྔ་སྐོར་བསྡད། ཚོགས་ཁང༌། མགོན་ཁང༌། སྒྲུབ་ཕུག་སོགས་ལ་ཤིས་བརྗོད་ཀྱི་མེ་ཏོག་འཐོར། རྟེན་འབྲེལ་སྟབས་སྒྲུབ་