[A:༡༣༥]འདྲེན་གནང་བའི་ཚེ་ངེད་རང་གི་མགོ་ཐོག་ཏུ་ཕྱག་བཞག་ནས་བྱིན་རླབས་ཡུན་རིང་པོར་གནང་ཞིང་དགྱེས་དགྱེས་མཛད། དེ་ཉིན་ཚེ་དབང་གྲུབ་རྒྱལ་མ་དང༌། ཨོ་རྒྱན་གྱི་བླ་མའི་རྣལ་འབྱོར་སྩལ་སོང་བའང་ཐོབ། བདག་ཆེན་རིན་པོ་ཆེས་གོང་མ་ཆོས་ཀྱི་སྤྱན་ལྡན་གྱི་དྲུང་དུ་བཀའ་དབང་རྡོ་རྗེ་ཕྲེང་བ་གསན་རིང༌། ཉིན་རེ་བཞིན་ཕྱག་དབང་ཞུ་བར་ཕྱིན་པར་དཔེ་ཆའི་འཛིན་མཚམས་སོགས་དྲི་བ་གནང་བར་ཤེས་རབ་ལ་ཐུགས་དགྱེས་པའི་ཚུལ་མཛད། ཕར་ཆིབས་ཁ་བསྒྱུར་སྐབས་ལུགས་གཉིས་ཀྱི་སྒོ་ནས་བསྟན་པ་ལ་ཕན་པ་དགོས་ཚུལ་གྱི་ཞལ་ཏ་དང་ཕྱག་མདུད་བྱིན་རྟེན་སོགས་གནང་སྦྱིན་ཀྱང་སྒེར་དུ་སྩལ།། ༈ ཤིང་སྤྲེལ་ལོར་ཇུར་ཇིད་ཀྱི་རྒྱལ་པོའི་མཆོད་གནས་བླ་མ་ཀུན་དགའ་རིན་ཆེན་གྱི་གཡོག་བལ་ཁུ་དཔོན་གཡོག་དང༌། ངེད་རང་གི་འབུལ་དཔོན་ཆོག་ཐུ༷་བླ་མ་དཔོན་གཡོག་སུམ་ཅུ་སྐོར་འབྱོར་ཞིང༌། གོང་མ་ཁུ་དབོན་གྱི་ཞབས་ཕྱིར་ངེད་རང་བཅས་ལྷན་དུ་གསེར་དངུལ་གོས་དར་སོགས་འབུལ་བ་རྒྱ་ཆེར་མཛད། འདི་ལོ་ནས་གོང་མ་ཆོས་ཀྱི་སྤྱན་ལྡན་ཉིད་སྐུ་ན་སྨིན་པའི་ཚུལ་བསྟན་པ་བཅས་ལྷ་སྔགས་ཡེ་ཤེས་ཀྱི་རོལ་པའི་སྐུའི་གཅད་རྒྱར་བཞུགས་ཀྱང༌། ཆོག་ཐུ་བླ་མ་དཔོན་སློབ་རྣམས་ཁག་ཆེས་བས་སྐུ་མཚམས་ཁོག་ཏུ་གསུང་ངག་རིན་པོ་ཆེ་ལམ་འབྲས་ཀྱི་གདམས་པ་རྣམས་རྫོགས་པ་དང༌། པོད་དམར་མ་སོགས་ལུང་གི་རིགས་མང་དུ་སྩལ་སོང་བའང་ཐོབ་ཅིང༌། རྗེ་དབོན་རིན་པོ་ཆེ་ནས་ཀྱང་ཚེ་རྟ། ཕྱག་རྡོར། འབྱུང་འདུལ་སོགས་རྗེས་གནང་ཁ་ཤས། ཀུན་རིག །ཚེ་དཔག་ལྷ་