R188: ལྕེ་བཙུན་ངག་གི་དབང་ཕྱུག་གི་རྟོགས་བརྗོད་ཤེལ་དཀར་གྱི་ཕྲེང་བ།

  • Pagination (Witness A): ༡༣༤
[A:༡༣༤]རྗེས་གནང་དང་ལུང་སོགས་སྩལ་ཞིང༌། གཉན་མགོན་ཞལ་བཞི་པའི་བསྙེན་དུས། སྒྲུབ་དུས། གསང་སྒྲུབ་དཀར་པོ་ཚེ་འཕེལ་རྣམས་ཀྱི་རྗེས་གནང༌། གསང་ཁྲིད་དང་བེའུ་བུམ་ཧ་ལ་ནག་པོ་ཁ་སྐོང་དང་བཅས་པའི་ལུང་སོགས་སྔགས་འཆང་སངས་རྒྱས་རིན་ཆེན་དང༌། མཁས་གྲུབ་སྙིང་རྗེ་བཟང་པོ་ལས་གསན་པའི་མགོན་པོ་ཆེ་ཆུང་གི་ཆོས་སྐོར་རྣམས་སྩལ། ལོ་འདི་ནང་དུ་གོང་མ་སྐུ་མཚམས་ལ་བཞུགས་པའི་ཞབས་ཕྱིར་ངེད་རང་ཕྱག་ན་རྡོ་རྗེ་འབྱུང་པོ་འདུལ་བྱེད་ཀྱི་བསྙེན་མཚམས་ལ་བསྡད་པའི་ཚེ། སྐབས་ཤིག་རྨི་ལམ་དུ་གོང་མ་ཆོས་ཀྱི་རྒྱལ་པོ་ཉིད་འབྱུང་པོ་འདུལ་བྱེད་དུ་གྱུར་པའི་ཐུགས་ཀ་ནས། རིགས་གསུམ་མགོན་པོ་བྱང་ཆུབ་སེམས་དཔའི་ཚུལ་སྤྲོས་པས། དེ་དག་གི་སྐུ་ལས་ཀྱང་འོད་ཟེར་དཔག་ཏུ་མེད་པ་སྤྲོས་པས་ངེད་རང་ལ་རེ་ལྟོས་བཅས་པའི་མདོ་ཁམས། རྒྱ་བོད། སོག་པོ་སོགས་ཀྱི་འགྲོ་བ་རྣམས་ཐར་པའི་ཟམ་པར་འདྲེན་པའི་ཚུལ་ཞིག་བྱུང་བ། ངེད་རང་ལྟོས་བཅས་དཔལ་ལྡན་བླ་མ་དམ་པས་རྗེས་སུ་འཛིན་པའི་བརྡར་གོ་ཞིང༌། དེ་ནས་ཁུ་དབོན་གྱི་སློབ་དཔོན་ལྟར་ཚེ་ཀུན་རྣམ་གསུམ། ཚེ་དབང༌། རྟ་མགྲིན། ཕྱག་རྡོར་སོགས་འཕྲལ་དགོས་རྣམས་ངེད་རང་ནས་གྱིས་གསུང་པ་ལྟར་རིམ་པར་བྱས། ཚོགས་ཆེན་ལ་སྒྲུབ་ཐབས་བརྒྱ་རྩ་སོགས་ཀྱང་བཤད་པས་གྲྭ་རིགས་ཚང་མས་དགའ་མོ་འོང་འདྲ་ཟེར་མགུ་བའི་ལུགས་བྱེད་འདུག །ལོ་མཇུག་དཔལ་ས་སྐྱ་པ་ཆེན་པོ་བདག་ཆེན་མཐུ་སྟོབས་དབང་ཕྱུག་ཆིབས་ཁ་བསྒྱུར་བའི་ཆིབས་བསུ་སེར་སྦྲེང་སོགས་གནང་སོང་ཞིང༌། ཕེབ་འཕྲལ་བདག་ཆེན་བཅོ་བརྒྱད་དུ་གདན་