R188: ལྕེ་བཙུན་ངག་གི་དབང་ཕྱུག་གི་རྟོགས་བརྗོད་ཤེལ་དཀར་གྱི་ཕྲེང་བ།

  • Pagination (Witness A): ༡༣༦
[A:༡༣༦]དགུ། རྣམ་འཇོམས་སོགས་དབང་གི་རིགས་སྩལ་བ་རྣམས་ཐོབ། དེ་དག་གི་བར་སྐབས་སུ་བརྟག་གཉིས། སྡོམ་གསུམ། རྒྱུད་སྡེ་སྤྱི་རྣམས་སོགས་དཔེ་ཆ་སྦོམ་ཆེ་བའི་རིགས་ལ་བལྟས་ཤིང༌། གོང་མ་ཁུ་དབོན་ལ་རྒྱུག་འབུལ་ཀྱང་ཞུས། འཇམ་དབྱངས་དམར་སེར། དཀར་པོ། གཤེད་དམར་རྣམས་ཀྱི་བསྙེན་པ་བྱས། གོང་མ་ཆོས་ཀྱི་རྒྱལ་པོ་ཉིད་སྐུ་མཚམས་དང༌། རྗེ་དབོན་རིན་པོ་ཆེའང་ལུགས་གཉིས་ཀྱི་ཐུགས་འགན་བཞེས་དགོས་དང༌། སྐུ་གཟུགས་མ་ཐང་བ་བཅས་ཀྱི་སྟབས་སྒོམ་ཁང་སོགས་དགོན་ལག་སོ་སོར་དབྱར་ཆོས་དགུན་ཆོས་ལ་ཕྱིན་པས་སོ་སོའི་འདོད་པ་བཞིན་དབང༌། རྗེས་གནང༌། ཁྲིད་ཀྱི་རིགས། འཛུགས་གཏོར་བརྗེ་བ། དུས་མཆོད་ལེའུ་ཚན་སོགས་སྔར་རྒྱུན་བཞིན་ཆག་མེད་བྱས། ཕྱོགས་འགྲོ་ཕལ་ཆེར་ལའང་ངེད་རང་ནས་ཕྱིན། སྐབས་ཤིག་དམ་པ་སོ་ཆུང་གི་སློབ་མ་རྡོ་རྗེ་བཀྲ་ཤིས་ཀྱི་གནས་རིན་སྡིངས་སུ་ཨ་མའི་སར་བསྡད་པའི་ནུབ་གཅིག་རྨི་ལམ་དུ། ནམ་མཁར་འཇའ་འོད་ཀྱི་དབུས་ན་འཕགས་པ་རིན་པོ་ཆེ་ལས་ཞྭ་མཆོད་པ་ཞིག་མཐོང་བས་དད་པ་དང་དགའ་སྤྲོ་ཚད་མེད་པ་ཞིག་སྐྱེས། འཇམ་དབྱངས་ནག་པོའི་བསྙེན་པ་ཟླ་བ་གཅིག་གི་རིང་གོང་མའི་སློབ་དཔོན་ལྟར་བྱས།། ༈ ཤིང་བྱ་ལོར་འོད་ཟེར་བླ་མ་དཀོན་མཆོག་རྒྱལ་མཚན་དཔོན་སློབ་རྣམས་ཕེབ། ཁོང་གིས་གསོལ་བ་བཏབ་པའི་ངོར་དཔལ་ལྡན་བླ་མ་དམ་པ་དེ་ཉིད་དཀྱིལ་འཁོར་སོ་སོའི་གཙོ་བོར་བཞེངས་ཏེ། རྡོ་རྗེ་ཕྲེང་བ་དཀྱིལ་འཁོར་བཞི་བཅུ་ཞེ་གཉིས། ཀྲྀ་ཡའི་