[A:༣༧༠] གཞིས་སུ་ཕྱིན་ཏེ་ཞལ་ངོ་རྣམས་ལ་ཚེ་དབང་སོགས་ཐུགས་བཞེད་ལྟར་ཕུལ་ཏེ། དགོན་གནས་སུ་འབྱོར། གསང་སྦུག་ནས་ཨོ་རྒྱན་ཆེན་པོའི་གསེར་སྐུ་བཞེངས་པའི་རབ་གནས་ལ་འོང་དགོས་ཚུལ་བྱུང་བ་བཅས་ཕྱིན། རབ་གནས་རྒྱས་པར་བྱས་ཤིང༌། ཞལ་ངོ་ཚོར་ཚེ་དབང༌། གུར་དྲག་སོགས་རྗེས་གནང་ཁ་ཤས་བྱས། ཞག་གཅིག་བསྡད་རིང་བསྙེན་བཀུར་ཤིན་ཏུ་གཟབས་པར་བྱུང༌། དེ་སྔོན་ནས་མགོན་ཁང་དུ་ཕ་མེས་བརྒྱུད་པའི་སྲུང་མ་མ་གཅིག་དཔལ་ལྡན་ལྷ་མོ་རྡོ་རྗེ་རབ་བརྟན་མའི་སྐུ་ཆེ་བ་ཞིག་བཞེངས་འདོད་ཀྱིས་སྔ་སོར་ནས། དུས་གསུམ་སངས་རྒྱས་ཀུན་གྱི་སྤྱི་གཟུགས་ཁྱབ་བདག་ཞྭ་ལུ་བ་ཆེན་པོར་ལུང་བསྟན་ཞུས་པར། དེ་ཁ་ཤིན་ཏུ་ལེགས་པར་འོང་འདུག་ཅིང་བར་ཆད་སོགས་མི་འབྱུང་བས་ནང་གཞུག་ཏུ། ཤེར་སྟོན་གྱི་ཕྱག་ནས་མ་འདི་གནང་ན་ལེགས་པར་འོང་ཕེབ་སྟེ། ཁྱབ་བདག་བླ་མ་ཉིད་ཀྱི་སྐུ་སྲུང་ལྷ་མོའི་སྐུ་ཐང་བྱིན་ཅན་དེ་སྩལ་བ་འདི་ལོ་སྐབས་སུ་བབས་པར་མཐོང་ནས། ཟླ་བ་བརྒྱད་པའི་ནང་དུ་བཞེངས་པའི་སྟ་གོན་རྣམས་ལེགས་པར་བསྒྲིགས་ཏེ་གཟའ་ཚེས་དགེ་བར། ཇ་ཁྲ་ནས་འཇིམ་བཟོ་བ་ཚེ་ཆོག་དང༌། ཚ་བ་དགེ་སློང་འབྲོག་མགོན་གཉིས་ཀྱིས་རུ་ཤིང་ལག་འཚགས་དམ་པར་ཚུགས་ཏེ། ཞབས་དྲུང་རིན་པོ་ཆེ་དང༌། བན་ཚང་སློབ་དཔོན་བླ་མ་བསམ་འཕེལ་གཉིས་ཀྱིས་ཕྱག་བསྟར་ཏེ་ནང་གཞུག་ཏུ་རུ་ཤིང་སྡོམ་པ་གནང་དུས་སེར་དྲག་བབས་པ་སོགས་འཚུབ་འགྱུར་གྱི་རྣམ་པ་ཅུང་ཟད་བྱུང༌། ནང་གཞུག་ལ་སྐུ་རྟེན་གཙོ་བོ་ཤེར་སྟོན་གྱི་ཐུགས་དམ་རྟེན་གྱི་སྐུ་ཐང་དང༌། སློབ་དཔོན་ཆེན་པོའི་སྐུ་བྱེ་མ་ཨ་ཀྲོང་སོགས་མང་བ། གསུང་རྟེན་ནོར་བུའི་དུང་རྭ་ཅན་སོགས་ཁྱད་དུ་འཕགས་པ་དུ་མ། ཐུགས་རྟེན་རྡོ་རྗེ་འཆང་མཁྱེན་རབ་ཆོས་རྗེ་