[A:༣༦༩]ཕུག་ཏུ་ཞག་བདུན་གྱི་རིང་ཚེ་སྒྲུབ་ཅིག་བྱས་པས། གནས་དེ་གཞན་ལས་ཁྱད་པར་དུ་འཕགས་པ་ཞིག་འདུག །བཙུན་མ་རྣམས་ལ་འདོད་ཆོས། མང་ཇ། ཇ་འགྱེད་ཀྱི་སྟེར་ཆ་སོགས་ཡང་དག་བྱས། ཚ་བོ་ཆོས་མཛད་སྤུན་བཅས། བཙུན་མ་རྣམས་ཀྱིས་རྟེན་འབྱུང་ཚེ་སྦྱིན་ཡིད་བཞིན་འཁོར་ལོའི་ཆོ་ག་དང་འབྲེལ་བར་དངོས་པོ་དར་རས། སྣམ་བུ། འབྲུ་ཆ་སོགས་རྒྱས་པར་བྱུང༌། དབྱར་མཇལ་དང༌། སྒེར་མཇལ། བཞེས་སྤྲོ་སོགས་གཞིས་ལེན་ཅི་ཤེས་གང་དྲག་ལྟ་བུ་བྱས་སོང༌། ཡོན་བདག་ལྕབ་པ་སོགས་འཕྲད་མི་མང་བའང་བྱུང༌། འོང་ཉིན་བཙུན་མ་རྣམས་ཀྱིས་ལ་རྩེར་ཐབ་སྐྱེལ་དུ་བྱུང་བར་དགོན་པའི་སྒྲིག་ལམ་སློབ་གཉེར་སོགས་མཐར་ཕྱིན་དགོས་པའི་བཀོད་པ་དཔྱིས་ཕྱིན་པ་དང༌། བསྔགས་མདུད། སྟེར་ཆ་རྒྱས་པར་བྱས། གཞིས་སུ་ཕྱིན་ཏེ་ཞག་གཉིས་བསྡད་རིང་ཡོན་བདག་གཡོག་རྀགས་སོགས་འཕྲད་མི་མང་བར་བྱུང༌། ས་སྦུག་ཏུ་འོང་དགོས་ཚུལ་བྱུང་བ་བཞིན་ཞག་ལྔ་བསྡད་རིང་གསོལ་ཆས་སྦོམ་འབུལ་དང༌། སོ་སོས་གཞིས་ལེན་ཆེ་འབྱོར་ཆུང་འབྱོར་གྱི་གང་ཡོད་ཆལ་ཆིལ་དུ་གྱུར་ཅིང༌། སྤྱོད་ཁྲིད་ཀྱི་ཆོས་ར་དང༌། སྤྱི་དབང་སོགས་འདོད་ཆོས་རགས་རིམ་བྱས། དགེ་སློང་མཆོག་ལྡན་བཅས་རྒྱལ་སྨད་གྲྭ་རིགས། གྲུབ་རྒྱལ་སྡེ་པ། ཡོན་བདག་སོགས་འདུ་ཚོགས་ཤིན་ཏུ་ཆེ་བས་ཤ་མར། སྣམ་བུ། དར་རས། འབྲུ་ཆ་སོགས་སྟེར་ཆ་ཅི་རིགས་དང༌། བཙུན་མ་རྣམས་ཀྱིས་ནས་སྲན་གཙོ་བོར་གྱུར་པའི་འབུལ་བ་ཤིན་ཏུ་རྒྱས་པར་བྱུང༌། ས་སྦུག་ཏུ་འབྱོར། མང་ཇ། ཇ་འགྱེད། སྟེར་སྦྱིན། བསྔགས་མདུད། གང་སྤྱིའི་བཀོད་པ་སོགས་རྒྱས་པར་བྱས། ལ་རྩེའི་བར་ཐབ་སྐྱེལ་དུ་བྱུང་བར་སྟེར་སྦྱིན་ཡང་དག་བྱས།