R188: ལྕེ་བཙུན་ངག་གི་དབང་ཕྱུག་གི་རྟོགས་བརྗོད་ཤེལ་དཀར་གྱི་ཕྲེང་བ།

  • Pagination (Witness A): ༣༧༡
[A:༣༧༡]དང་ཐུགས་རྒྱུད་གཅིག་པའི་ཌཱ་ཀིའི་གཙོ་མོ་རིན་ཆེན་མཚོ་མོའི་ཐུགས་སོགས་བྱིན་ཆེན་མང་བ། ཡོན་ཏན་གྱི་རྟེན་དུ་མཚན་ལྡན་ཐོད་པ་སོགས་དུ་མ་དང༌། ཕྲིན་ལས་ཀྱི་རྟེན་དུ་གོང་མ་རིན་པོ་ཆེའི་ཐུགས་དམ་གྱི་ཕུར་པ་སོགས་མང་བ། སློབ་དཔོན་ཆེན་པོ་སོགས་འཕགས་ཡུལ་གྱི་པཎ་གྲུབ་དུ་མ་དང༌། རྡོ་རྗེ་འཆང་གོང་མ་ལྔ་དང༌། དཀྱིལ་འཁོར་རྒྱ་མཚོའི་དབང་ཕྱུག་མཁྱེན་རབ་ཡབ་སྲས་སོགས་བོད་ཡུལ་གྱི་མཁས་གྲུབ་དུ་མ་རྣམས་ཀྱི་ན་བཟའ། དབུ་ལོ། རིང་བསྲེལ། དམ་རྫས། གདུང་ཚྭ། གནོད་སྦྱིན་བང་མཛོད་དུ་ནོར་བུའི་རིགས་དུ་མ་སོགས་མ་ཚང་བ་མེད་པར་ཕུལ་ཞིང༌། གསོད་བྱེད་ཆུ་སྲིན་གདོང་ཅན་གྱི་སྐུ་ལ་སྐུ་རྟེན་སྒྲོལ་མའི་གསེར་སྐུ་ཁྱད་མཚར། གསུང་རྟེན་དུང་ཁྲ་མགོ་མ། ཐུགས་རྟེན་ལྕགས་ཀྱི་རྡོ་རྗེ། ཡོན་ཏན་རྟེན་དུ་དམ་རྫས། ཕྲིན་ལས་ཀྱི་རྟེན་དུ་ལི་དཀར་གྱི་ཕུར་པ། རྒྱ་བོད་ཀྱི་མཁས་གྲུབ་རྣམས་ཀྱི་བྱིན་རྟེན་སོགས་གཙོ་མོ་དང་མཐུན་པར་ཕུལ་བ་སོགས། མདོར་ན་དཀར་ཆག་ནང་དུ་གསལ་བ་ལྟར་ལེགས་པར་གྲུབ་འཕྲལ། རབ་གནས་སོགས་རྒྱས་པར་བྱས་ཏེ་མཐར་ཕྱིན་ཏོ། །བཟོ་བོ་ཟུང་ལ་ཟླ་བ་གཅིག་གི་རིང་ཕོག །སྟོན་མོ། སྟེར་ཆ་སོགས་ཤིན་ཏུ་གཟབས་པར་བྱས་ཤིང༌། བར་ཆད་ཞི་ཕྱིར་ཞག་ལྔ་རེ་ནས་སྦྱང་བ་ཁྲུས་གསོལ་བྱས་པས་འདི་ཁར་འཚུབས་སོགས་མ་བྱུང་ཀྱང༌། སྤྲུལ་སྐུ་ཚེ་མཆོག་ཚང་ལ་ཁ་མཆུ་དང༌། གོད་ཀ་ཁ་ཤས་བྱུང་སོང་བས་དོགས་པ་ཆེ་བར་བྱེད་འདུག །སྐུ་གཉིས་ལ་ཚོན་རྩི་སོགས་ལེགས་པར་གྲུབ་ནས་མགོན་ཁང་དུ་སྤྱན་འདྲེན་ཞུ་ཉིན་རྟེན་འབྲེལ་སྟབས་ངེད་དཔོན་སློབ་བཞི་བཅུ་སྐོར་གྱིས་རོལ་མོའི་སྒྲ་ས་གཡོ་བ་ཙམ་བསྒྲགས་ཤིང་བཀྲ་ཤིས་ཁྲ་རིང་སོགས་དར་འཕྱར་དང༌། ལྷ་བསང་གི་