[A:༣༧༢]དུད་པ་སྤྲིན་ཕུང་ལྟར་འཁྲིགས་པ་དང་བཅས་ཞབས་དྲུང་རིན་པོ་ཆེ་དཔོན་སློབ་མང་བས་གདན་དྲངས་པ་མགོན་ཁང་དུ་ཕེབ་འཕྲལ་ཞལ་གྲོའི་སྟོན་མོ་གསང་སྦུག་ནས་ཚང་དཔོན་ལགས་རྣམ་དཔྱོད་འཇིག་རྟེན་གྱི་མེས་པོར་འགྲན་བཟོད་པས་ཁུར་བཞེས་མཛད་དེ་རྟེན་འབྲེལ་རང་འགྲིགས་སུ་གྱུར། དེ་ནས་བཟུང་ཞག་བཅུ་གཅིག་གི་རིང་ངེད་ཁུ་དབོན། མཚུངས་མེད་ཆོས་རྗེ་རིན་པོ་ཆེ་བཅས་གཙོར་གྱུར་པའི་དགོང་བསྟར་རབ་གནས་ཚར་རེ་དང༌། ཚེས་བཅུ་གཅིག་གི་ཉིན་རེས་གཟའ་ཉིན་མོར་བྱེད་པ་དང་རྒྱུ་སྐར་མེ་བཞི་འཛོམ་པའི་འགྲུབ་སྦྱོར་བཟང་པོའི་ཐོག་དབུ་བཙུགས་ཏེ། ཞག་གསུམ་གྱི་རིང་ངེད་དཔོན་སློབ་བཞི་བཅུ་སྐོར་གྱིས་མགོན་ཁང་གི་རབ་གནས་ནས་བཤད་པ་བཞིན་རབ་གནས་ཤིན་ཏུ་རྒྱས་པར་བྱས་པའི་ཚེ། ཉིན་གཉིས་པའི་ཉིན་དཔལ་ལྡན་འདོད་ཁམས་གཙོ་མོ་ཉིད་ཀྱི་སྐུ་ཁྲུ་གང་པ་ཞིག་ཐིམ་པའི་སྣང་བ་ཤིན་ཏུ་གསལ་བ་ཞིག་བྱུང་ཞིང༌། ཉིན་གསུམ་པར་སྦྱིན་སྲེག་བཅས། མདོར་ན་རབ་ཏུ་གནས་པ་ཆ་ལག་ཚང་མ་ལེགས་པར་གྲུབ་པའི་ཚེ་སྐུ་དེ་སྔར་ལས་གཟི་བརྗིད་ཆེ་བ་སོགས་ཡེ་ཤེས་སེམས་དཔའ་མངོན་སུམ་དུ་ཐིམ་པའི་རྟགས་མཚན་ཁྱད་པར་དུ་འཕགས་པར་གྱུར་ཏོ། །ཨེ་མ་མཆོག་གསུམ་ཀུན་འདུས་བླ་མ་དང༌། །ཡི་དམ་ལྷ་ཚོགས་ཆོས་སྲུང་ནོར་ལྷ་སོགས། །སྲས་བཅས་རྒྱལ་བའི་ཐུགས་རྗེའི་ཆར་རྒྱུན་གྱིས། །མོས་གུས་ལྡན་པའི་འདོད་དོན་ཡིད་བཞིན་འགྲུབ། །འཇིགས་རུང་གང་སྐུ་དཔའ་བརྗིད་རབ་ལྡན་ཞིང༌། །འཇིགས་བྲལ་གསུང་གིས་དམ་ཉམས་ཀླད་འགེམས་པ། །འཇིགས་མེད་བདེ་ཆེན་ཐུགས་ཀྱི་ཀློང་དཀྱིལ་ནས། །འཇིགས་བྲལ་རིག་འཛིན་རྣམས་ལ་དངོས་གྲུབ་སྟེར། །དེ་ལྟར་མ་གཅིག་དཔལ་ལྡན་ལྷ་མོ་ཡི། །སྐུ་བརྙན་