R188: ལྕེ་བཙུན་ངག་གི་དབང་ཕྱུག་གི་རྟོགས་བརྗོད་ཤེལ་དཀར་གྱི་ཕྲེང་བ།

  • Pagination (Witness A): ༣༧༤
[A:༣༧༤] མཛོ། གཡག །ཇ། གཞན་ཡང་ཐབ་ཆས། མགོ་གཡབ་སོགས་སྒར་གཞིས་ལ་མཁོ་བ་ཅི་རིགས་བཅས་རྩིས་སྤྲོད་ཤིན་ཏུ་རྒྱས་པར་མཛད་ཅིང༌། ཁྲི་འདུར་འབུལ་སྡུད་སོགས་འགྲོ་མི་ས་བདག་བྱས་ཆོག་པའི་ཁང་པ་གསར་བཟོ་མཛད་པ་དང༌། སྒར་གཞིས་བཅའ་ལག་སོགས་འཕྲལ་ཕུགས་ལ་ཕན་སླེབས་ཆེ་བར་མཛད་འདུག་པའི་རྩིས་ཁྲའི་ཐོ་སོགས་ཀྱང་འབུལ་བར་མཛད། འདུས་ཚོགས་ལ་སྟོང་རྩ་ཉིན་གསུམ་གྱི་རིང་འཛུགས་པ་མཛད་སོང་བའི་གང་ཅིའི་བཀོད་པ་དང༌། ཚོགས་དབུར་ངེད་ཁུ་དབོན་ལ་བྱང་རྟེན་འབུལ་བ་རྒྱས་པ་དང༌། ཚོགས་པར་ཇ་འགྱེད་བཅས་ཚོགས་གསོག་རྒྱ་ཆེ་བར་བྱང་བུ་དང༌། འཁོར་གསུམ་ཡོངས་དག་གི་བསྔོ་སྨོན་དཔྱིས་ཕྱིན་པར་བྱས། ཞག་ཤས་ནས་ངེད་ཁུ་དབོན་ལ་རྟེན་འབྱུང་རྒྱས་པར་མཛད་པར་བན་ཚང་རྣམས་ཀྱི་ཚེ་སྦྱིན་ཡིད་བཞིན་འཁོར་ལོའི་ཆོ་ག་བཅས་རྟེན་འབྲེལ་ལེགས་ཚོགས་ཆེ་བར་མཛད། སྡེ་དགེ་དབོན་ཆེན་གྱིས་འབུལ་སྐྱེལ་དུ་གཉེར་པ་ཕྲིན་ལས་རྫོང་བདའ་མཛད་པར་འབྱོར། ཕྱག་བྲིས་ནང་ལྟར་གསེར། རྟ། ཇ། དྲེའུ་སོགས་བསྐུར་མ་དཔངས་མཐོ་བར་འདུག་པ་དང༌། དབོན་པོ་ངག་དབང་གྲོངས་པའི་བསྔོ་རྟེན་དྲེའུ་སོགས་ཀྱང་བྱུང་ཞིང༌། བསྔོ་སྨོན་ཡང་དག་བྱས། ཕོ་བྲང་དུ་ཕྱག་མཇལ་ལ་རྫོང་བདའ་བྱས། གཞན་ཡང་ཁམས། བྱང༌། དབུས། གཙང་སོགས་ནས་ཆོས་དོན་གཉེར་ལ་བྱོན་པ་རྣམས་ལ་སོ་སོའི་ཐུགས་འདོད་ལྟར་དབང༌། རིག་གཏད། རབ་བྱུང༌། བསྙེན་རྫོགས་སོགས་དང༌། བྱང་བུ། བསྔོ་སྨོན་སྨིན་རྒྱས་བྱས། དགུན་ཆོས་སྡེ་ཆེན་པོའི་དུས་ཆེན་ཁག་རྣམས་བྱེད་སྐབས་གཞུང་ས་ཆེན་པོ་ནས་དཔལ་ལྡན་རྩེར་སྐུ་རིམ་བསྐང་གསོར་བན་ཚང་ཞལ་གྲངས་ཉི་ཤུ་རྩ་གསུམ་གྱིས་ཞག་ཉེར་ལྔའི་རིང་