[A:༣༧༥]གུར་ཞལ་བེག་ཙེ་སོགས་ཀྱི་བསྐང་བའི་ཞབས་ཕྱིར་འགྲོ་དགོས་ཚུལ་སྦྱི་བོར་ཕེབ་པ་ལྟར་ཞུས་ཤིང༌། དགོས་ཆ་ཕོག་ཡོན་སོགས་གཞན་དང་མི་འདྲ་བ་བཀའ་དྲིན་བསྐྱངས། དུས་ཆེན་ཁག་རྣམས་གྲུབ་ནས། ས་སྦུག་པ་རྣམས་ཀྱིས་ཀྱང་དགོས་ཚུལ་ནན་གྱིས་བྱུང་བ་ནས། ངེད་ཁུ་དབོན་དཔོན་སློབ་མང་བ་རྟ་ཁ་བསྐྱོད། ཞག་བཅུ་སྐོར་བསྡད་པར། གཉེར་ཚང་སྐོར་གྱིས་གསོལ་ཆས་ཀྱི་མཐུན་རྐྱེན་ཡང་དག་བྱུང་ཞིང༌། ཞེན་པ་བཞི་བྲལ་གྱི་ཆོས་ར་དང༌། དབང༌། རྗེས་གནང་གི་རིགས་མང་བར་བྱས། དེའི་རིང་རྒྱལ་ནང༌། སྒྲུབ་ཕུ་མདའ། བརྒྱ་གྲོང་རག་མ། སྦུ་ཚབ། གྲུབ་རྒྱལ། མཁར་སྡོང་སོགས་དེ་སྐོར་ཡོན་བདག་རྣམས་ཀྱིས་ནས་སྲན། ཤ་མར། དར་རས་སོགས་སྟེར་ཆ་བྱེད་མི་དང༌། འཕྲད་མི་ཤིན་ཏུ་མང་བས་དུས་འདའ་བར་གྱུར་ཅིང༌། ཚེས་བཅུའི་དབང་ལུང་དང་བསྙེན་གནས་ཀྱི་སྡོམ་པ་འབོགས་པ། མ་ཎིའི་བཟླས་ལུང་སོགས་འདོད་ཆོས་ཅི་རིགས་ཀྱིས་སོ་སོའི་ཐུགས་དམ་བསྐངས། ས་སྦུག་ཏུ་སྔ་སོར་ཚེས་བཅུ་ལས་ཆོ་ག་གཞན་མེད་གཤིས་གྲོང་ཆོག་ལ་སྟབས་མི་བདེ་ཞིང༌། མ་ཎིའི་སྐབས་ཀྱང་གསོ་སྦྱོང་ཙམ་མེད་པས་ཐབས་ཆག་པ་ཞིག་འདུག་པར། སྤྱན་རས་གཟིགས་ཀྱི་ཆོ་ག་ཞིག་ཚུགས་ན་བསམ་མེ་གླང་མཁར་བསྡོངས་ནས་ཞིང་སོགས་མཐུན་རྐྱེན་སྤྲོད་པ་སོགས་གྲྭ་སྒྲིག་གི་བཀོད་པ་གནང་དགོས་ཚུལ་ཞུས་པ་ལྟར། དབོན་རིན་པོ་ཆེ་ནས་མཐུན་རྐྱེན་སོགས་གང་སྤྱིའི་བཀོད་པ་འཕྲལ་ཕུགས་སུ་ཕན་སླེབས་ཆེ་བར་མཛད་དེ། འཕགས་པ་འཇིག་རྟེན་དབང་ཕྱུག་གི་ཆོ་ག་གོང་མ་མཁྱེན་རབ་བསྟན་འཛིན་བཟང་པོས་བཀའ་བརྩམས་གནང་བ་དེ་འཛུགས་པར་མཛད་འདུག་པ། ལག་ལེན་གཙང་