[A:༣༧༣]གཟི་བྱིན་ལྡན་པར་ལེགས་གྲུབ་པར། །རབ་གནས་བྱས་ཚེ་འོག་མིན་ཞིང་ཁམས་སོགས། །རབ་འབྱམས་རྒྱལ་བའི་གནས་ནས་སྲིད་གསུམ་བདག །འཁོར་བཅས་སྤྲིན་བཞིན་འདུས་ཏེ་ཐིམ་པའི་ཚེ། །སྐུ་ཉིད་མངོན་སུམ་འཕར་བ་ཀུན་གྱིས་ནི། །མཐོང་སོགས་ཡ་མཚན་དུ་མས་གང་བར་གྱུར། །ལེགས་པར་གྲུབ་ནས་སྤྲུལ་སྐུ་བ་གཉིས་ལ་ཡོན་སོགས་ཤིན་ཏུ་རྒྱས་པར་བསྒྲུབས། ཚ་མོ་ལྷ་ལྡན་ལྷ་ཁང་པའི་གནས་མ་གཤིན་སྟབས་ཕྱིར་ལོག་བྱས་པ། གཟའ་ཚེས་དགེ་བར་ཚར་ཆེན་ཆོས་ཀྱི་རྒྱལ་པོ་དང་གདུང་རུས་གཅིག་པ། སྡེ་པ་ལྷ་གཤོངས་པའི་སར་རྫོང་བདའ་བྱས། སྡེ་དགེ་དབོན་པོ་ཕྱིར་འབྱོན་ལམ་དུ་དཔལ་མགོན་ཞལ་གྱི་རྗེས་གནང་རྣམས་གསན་པར་ཕེབ་པ་བསྟན་པ་ལ་ཕན་ཕྱིར། ཞབས་དྲུང་དབོན་རིན་པོ་ཆེ་དང་ལྷན་དུ་ཆོས་སྲུང་རྣམས་ཀྱི་རྗེས་གནང་ཟུར་བཀའ་ཟབ་པ་ལས་ཀྱང་ཆེས་ཟབ་པ་རྡོ་རྗེ་འཆང་ཚར་ཆེན་ཆོས་ཀྱི་རྒྱལ་པོ་ཡབ་སྲས་ཀྱི་རིང་ལུགས་དྲིན་ཆེན་རྡོ་རྗེ་འཆང་ཕ་བླ་མ་རིན་ཆེན་བསོད་ནམས་མཆོག་གྲུབ་ཀྱི་བཀའ་དྲིན་ལས་ནོས་པ་རྣམས་དང༌། གཞན་ཡང་དབང༌། རྗེས་གནང༌། ལུང་སོགས་ཆེས་མང་བ་ཞིག་ཕུལ། ཕེབ་རྫོང་ལ་རྫོགས་པའི་སངས་རྒྱས་ཀྱི་གསེར་སྐུ་ཤིན་ཏུ་ལེགས་པ་ཞིག་དང་བྱིན་རྟེན། ན་བཟའ། སྣམ་བུ་སོགས་ཤིན་ཏུ་རྒྱས་པར་ཕུལ་ཏེ་སྤྱི་དང་བྱེ་བྲག་གི་བསྟན་པ་ལ་ཕན་པའི་བསླབ་བྱ་དཔྱིས་ཕྱིན་པར་བྱས་ཤིང༌། མཛོད་པ་སོགས་ཕེབ་སྐྱེལ་དུ་རྫོང་བདའ་བྱས། གོང་ས་ཆེན་པོའི་བཀའ་ཤོག་གཏན་ཚིགས་རིན་པོ་ཆེ་ཤིན་ཏུ་ལེགས་པར་ཡང་ཞུས་ཏེ་བསྐུར། སྟོན་ཁྲི་འདུ་ནས་འབུལ་དཔོན་བླ་མ་ཆོས་མཛད་དཔོན་སློབ་འཁོར་བཅས་བྱོན་ཞིང་གཞིས་ལེན་གཟབས་རྒྱས་བྱས། གསེར། མེ་མདའ། རྟ། དྲེའུ།