[A:༣༧༦]ཁྱད་བཅས་སྒོམ་ཁང་ནས་དབུ་མཛད་མ་ཀུན་དགའ་ཆོས་འཛོམས་དང༌། ཕྲིན་ལས་དབང་མོ་གཉིས་བོས་ཏེ་གདངས་དང་ཕྱག་ལེན་སྒོམ་ཁང་སོར་གནས་གོང་མའི་གསུང་རྒྱུན་ལྟར་བསླབས་ཏེ། ས་ག་ཟླ་བའི་མ་ཎིའི་དུས་ཀྱང་དཀར་ཕྱོགས་ལྟར་དང༌། ཟླ་བ་བྱུང་ངོ་ཅོག་གི་ཚེས་བརྒྱད་ལ་བསྙེན་གནས་སོགས་གསར་སྒྲིག་ཤིན་ཏུ་ཕན་ཡོན་ཆེ་བར་བཙུགས་འདུག་པ་བཅས་བློ་དང་མཐུན་པར་བྱུང་འདུག་ཅིང༌། གཞན་ཡང་ཆོས་སྤྱོད་ཀྱི་སྐོར་སོགས་དང་པོའི་རྒྱུན་གྱི་འདོན་ཆ་ཚང་མ་ཕྱིས་སུ་མ་ཉམས་ཤིང་གྲྭ་འགྲིགས་པར་འདུག་པས། ངེད་རང་ནས་ཀྱང་སྣམ་བུ། དར་རས་སོགས་ཀྱི་སྟེར་ཆའི་གཏང་རག་བྱས། དར་རས། ནས་སྲན། སྣམ་བུ། དཀར་ཡོལ་སོགས་སྤྱི་སྒེར་སོ་སོས་འབུལ་བ་རྒྱས་པར་བྱུང་ཞིང༌། ཕྱོགས་འདུས་བཅས་ཁྲོམ་ཤིན་ཏུ་ཆེ་བར་ཚེ་དབང་བྱས། བཙུན་མ་རྣམས་དང་གྲུབ་རྒྱལ་ལྡེབས་ཀྱི་གྲྭ་རིགས་ཡོན་བདག་སོགས་ཅི་རིགས་ལ་བྱིན་རྟེན། བསྔགས་མདུད་སྤྲད་ཅིང༌། གཞིས་སུ་བསྐྱོད་པར་ཐབ་སྐྱེལ་ལ་རྩེ་བར་བྱས་ཤིང་སྟེར་ཆའང་སྤྲད། མཁར་སྡོང་དུ་ཞག་གཉིས་བསྡད། མཁས་གྲུབ་དུ་མའི་བཞུགས་གནས་རྒྱུན་གྱི་དབང་པོར་འབྱོར། རིན་སྡིངས་སུ་ཆོས་མཛད་མ་གཉིས་དང་བཙུན་མ་རྣམས་ཀྱིས་ཆོས་སྐལ་དགོས་ཚུལ་བྱུང་བ་ལྟར་ཕྱིན་ཏེ་ཚེམ་བུ་ལུགས་ཀྱི་དམར་ཁྲིད་སྨིན་རྒྱས་དང༌། རྗེས་གནང་སོགས་འདོད་ཆོས་རྣམས་བྱས་ཤིང༌། བཙུན་མ་རྣམས་ཀྱིས་གཞིས་ལེན་ཤིན་ཏུ་གཟབས་པ་དང༌། བརྟན་བཞུགས་སོགས་ལ་འབུལ་བ་དར་རས། སྣམ་བུ། འབྲུ་ཆ་བཅས་ཚང་མས་ཆེ་འབྱོར་ཆུང་འབྱོར་ལྟ་བུ་ཤིན་ཏུ་རྒྱས་པ་དང༌། ཆོས་མཛད་མ་གཉིས་ཀྱིས་ཀྱང་རྟེན་འབྱུང་སོགས་གང་