[A:༣༧༧]ལེགས་མཛད། བར་སྐབས་དང་མི་འདྲ་བའི་གྲྭ་རིགས་གསར་པ་མང་ཞིང་འདོན་ཆ་སོགས་གྲྭ་འགྲིགས་པར་འདུག་པས་བྱིན་རྟེན། ཕྱག་མདུད་ཀྱང་སྤྲད། བླ་བྲང་དུ་འབྱོར་ནས་ལོ་མཇུག་གི་རིམ་གྲོ་སོགས་བྱས། །ལྕགས་འབྲུག་ལོར་ལོ་གསར་དང༌། སྲིད་གསུམ་དབང་ཕྱུག་མ་མཆོད་ཅིང་ཟླ་ཤས་མཚམས་ལ་བསྡད། ཞབས་དྲུང་དབོན་རིན་པོ་ཆེས་ལམ་འབྲས་ཞིག་མཛད་པ་སྣང་གསུམ་གྲུབ་ནས་རྒྱུ་དབང་སྐབས་ཡོན་བདག་ཞིག་གི་སར་མཆོད་དབུར་ཕེབ་པས་སྐུ་གྲིབ་ཞིག་གིས་བསླངས་པ་ལྟ་བུའི་བད་ཀན་གྱི་བསྙུང་རོ་ལངས་པར་སྐུ་རིམ་འཕྲོད་བསྟེན་སོགས་བྱས་པས་དྭངས་འཕྲལ་རྒྱུད་གསུམ་ཚུགས་པར་གེགས་མེད་དུ་གྲུབ་སྐབས། དེད་རང་ནད་རོ་ལངས་ཏེ་རེ་གྲུལ་བྱུང་བར་འཕྲོད་བསྟེན་རིམ་གྲོ་སོགས་བྱས་པས་ཟླ་གཅིག་ནས་སངས་དྲག་ཏུ་གྱུར། འབོག་གོང་ནས་ཚ་མོ་བཀྲ་ཤིས་དཔོན་གཡོག་བྱོན་པ་དང་འཕྲད་ཅིང་གང་སྤྱིའི་འཕྲོས་གླེང་ཞིབ་པར་བྱུང༌། རྟེན་འབྱུང་སོགས་རྒྱས་པར་མཛད་སོང་ཞིང༌། རྟ་ཤིན་ཏུ་ལེགས་པ་བཅས་སྟེར་ཆ་དང་གཞིས་ལེན་གཟབས་པར་བྱས། གཞིས་སུ་ཟླ་ཤས་བར་བཞུགས་སོང་བར། ཡང་ཡང་འཕྲད་པར་བྱུང་ཞིང༌། འབྱོན་ཁར་གང་སྤྱིའི་བསླབ་བྱ་དང་ཇ་སོགས་ཀྱི་སྟེར་སྦྱིན་ཀྱང་བྱས། ཞོལ་ཁང་གི་ཚོང་དཔོན་ཡབ་སྲས་རྣམས་ངེད་རང་ལ་དད་འདུན་ཤིན་ཏུ་ཆེ་བ་ཡིན་པ་ནས། སྐབས་སུ་དབང་དང་རབ་གནས་སོགས་ལ་འགྲོ་དགོས་ཡོད་གཤིས། ཟླ་བ་བརྒྱད་པའི་ནང་དུ་སངས་རྒྱས་ཀྱི་སྐུ་བཞེངས་པའི་རབ་གནས་དང་དབང་ལ་ཕྱིན་པར་བསྙེན་བཀུར་དང་སྟེར་ཆས་རྒྱས་པར་བྱུང་ཞིང༌། ཁོང་པའི་ཨ་ཁུ་བླ་མ་དེ་ངེད་རང་ལ་དད་པ་ཐུན་མོང་མ་ཡིན་པ་ཞིག་ཡིན་པ། ཤིང་ཁྱི་