R188: ལྕེ་བཙུན་ངག་གི་དབང་ཕྱུག་གི་རྟོགས་བརྗོད་ཤེལ་དཀར་གྱི་ཕྲེང་བ།

  • Pagination (Witness A): ༣༧༨
[A:༣༧༨]ལོ་ནང་དུ་ཚེ་དུས་ལས་འདས་པར་སྐྱབས་འགྲོ་བྱང་བུ་སོགས་བྱས་པས་ཁོང་རང་གི་ནང་བུའི་སྐྱེ་བ་བླངས་པ་ཞིག་བྱུང་སོང༌། སྟོན་ཀློང་ནག་སངས་རྒྱས་རིན་ཆེན་གྱི་སྐུ་སྐྱེ་ལྕགས་ཕག་ལོ་ངོར་ནས་མཁན་ཆེན་དཔལ་མཆོག་རྒྱལ་མཚན་གྱིས་ལུང་བསྟན་པ་བཞིན་བྱོན་བྱུང་བར། ལམ་འབྲས་སོགས་ཐུགས་བཞེད་ཀྱི་ཆོས་རྣམས་བྱས་ཏེ་ཕྱིར་ཕེབ་པར་འབྲུག་ལོར་བྱོན་པར། ལམ་འབྲས་སྦྱོང་རྒྱུད་སོགས་ཆོས་གང་དགོས་བྱས་ཤིང༌། གྲྭ་རྒྱུན་དཀོར་པ་སོགས་འཇགས་གནས་ཀྱི་གོང་ས་ཆེན་པོའི་བཀའ་ཤོག་རིན་པོ་ཆེ་དགོས་གསུང་པ་ལྟར་ཞུས་ནས་ཕྱིར་བྱོན་པས། ཁོང་རང་གི་ཡུལ་ནས་བཀའ་ཤོག་རིན་པོ་ཆེ་ཡོད་པའི་ཕྲག་དོག་གིས་བླ་མ་དཔོན་ཁག་སོགས་ཁ་ཤས་ཀྱིས་བཀའ་འགོང་བྱས་འདུག་པར། མཚོ་ཁར་གནམ་སའི་དབང་ཕྱུག་དཱ་ལའི་ཧོད་ཐའི་ཇིའི་སྐུ་ཞབས་སུ་བྱོན་ཏེ་གོང་ས་ཆེན་པོའི་བཀའ་ཤོག་སྤྱན་འབེབས་དང་གོང་སྤྱིའི་གནས་ཚུལ་ཞུས་འདུག་པས་བཀའ་ཤོག་རིན་པོ་ཆེའི་དགོངས་དོན་བཞིན། ལུགས་གཉིས་གང་སར་སྔར་བབས་བྱས་ཆོག་པ་དང་ཆོ་ལོ་གནང་བ་སོགས་བདག་རྐྱེན་གཞན་དང་མི་འདྲ་བ་བཀའ་དྲིན་བསྐྱངས་འདུག་པས་ཀུན་གྱི་འགྲན་མེད་ལྟ་བུར་བྱུང་འདུག་ཅིང༌། ཁོང་རང་གི་གནས་སུ་བྱོན་ནས་ཕྱོགས་དེར་བསྟན་པ་རྒྱས་པར་མཛད་དེ། འདི་ལོ་དཔོན་སློབ་ཤིན་ཏུ་མང་བར་བྱོན་པ་དང༌། ངེད་རང་གི་འབུལ་དཔོན་བླ་མ། མ་ཡུམ་སྤྲུལ་སྐུའི་གྲོགས་དན་ལོ་སྔོན་མ་གནས་ཚུལ་སྐྱེལ་མི་དབོན་པོ་མཁྱེན་བཟང་ཅན་ལ་བཀོད་པ་སོང་དོན་ལྟར། རྟ། དྲེའུ་ཕོན་ཆེ་བ། ཇ། མཛོ་སོགས་དགོས་བྱེད་ཤིན་ཏུ་རྒྱས་པར་ཕུལ་ནས་བཀའ་འགྱུར་རིན་པོ་ཆེ་ལེགས་པར་གྲུབ་པ་དང༌། ངེད་རང་གི་འབུལ་སྡུད་བླ་མ་ཀྲེ་བོ་མཆོག་ལེགས་བཅས་འགྲུལ་པ་ཚན་ཆེ་