[A:༡༣༧]དཀྱིལ་འཁོར་གསུམ་བཅས་ཟླ་བ་གཅིག་གི་རིང་སྩལ་བ་ཐོབ་ཅིང༌། བདེ་མཆོག་དྲིལ་བུ་པ་དང༌། འཇིགས་བྱེད་རོ་ལངས་བརྒྱད་སྐོར་སོགས་ཟུར་བཀའ་དུ་མ་དང༌། ཕྲེང་བ་སྐོར་གསུམ། རྒྱལ་སྲས་བཀའ་འབུམ་སོགས་ལུང་མང་བའང་ཐོབ། དབྱར་རྗེ་དབོན་རིན་པོ་ཆེས་དབུས་ངེད་ཆོས་ཞུ་བ་སུམ་ཅུ་སྐོར་ལ་རྗེ་བཙུན་ནཱ་རོ་མཁའ་སྤྱོད་མའི་བྱིན་རླབས། ཟབ་ཁྲིད། རྫོགས་རིམ། ཆ་ལག་རྣམས་དང་བཅས་པ། བླ་མ་གཟུགས་ཀྱི་དཔལ་བས་མཛད་པའི་ཆོས་སྐོར་དང༌། ཡིག་ཆ་ཕྱི་མ་རྣམས་དང་བཅས་པའི་ལུང་ཨིནྡྲ་དང་མཻ་ཏྲི་མཁའ་སྤྱོད་ཀྱི་གཙོས་དམར་མོ་སྐོར་གསུམ་སོགས་ཚར་ལུགས་ཐུན་མོང་མ་ཡིན་པའི་གསེར་ཆོས་རྣམས་ཀྱི་རྗེས་གནང་དང་བྱིན་རླབས། ལུང་གི་རིགས་ཀྱང་དུ་མ་ཞིག་སྩལ། སྐྱེ་བ་སྔ་མའི་སྟོབས་འདི་སྐབས་རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མ་ལ་མོས་གུས་ཤིན་ཏུ་ཆེ་བས་བླ་མ་སངས་རྒྱས་དངོས་འདི་ལྟ་བུ་ལ་གདམས་ངག་ཐུན་མོང་མ་ཡིན་པ་འདི་ཐོབ་ནས་གདམས་པ་འདི་ལ་གཡེང་བ་ཐམས་ཅད་སྤངས་ནས་ཉམས་ལེན་རྩེ་གཅིག་ཏུ་བྱ་སྙམ་པ་ཡོད་ཀྱང༌། ཕྱིས་ཟིན་མེད་ཆུ་གཉེར་ལྟ་བུའི་གཡེང་བས་འདོད་པ་བཞིན་མ་གྲུབ། འོན་ཀྱང་ཁྲིད་ཞུ་བའི་སྐབས་དེར། དད་གུས་དུང་དུང་བྱས་པའི་ཚེ་བླ་མ་རྗེ་བཙུན་མར་གསལ་ལམ་ལམ་མཐོང་བ་དང༌། རྨི་ལམ་དུ་བླ་མ་རྡོ་རྗེ་ཆོས་འོད་དུ་ཞུ་ནས་རང་ལ་ཐིམ་པ་སོགས་བྱུང་བས་རྗེ་བཙུན་མས་རྗེས་སུ་འཛིན་པར་དགོངས་པ་ཞིག་ཡིན་འདྲ་བསམ། སྟོན་ཨ་འདུས་སྐུ་མཆེད་གཉིས་སོགས་