R188: ལྕེ་བཙུན་ངག་གི་དབང་ཕྱུག་གི་རྟོགས་བརྗོད་ཤེལ་དཀར་གྱི་ཕྲེང་བ།

  • Pagination (Witness A): ༣༨༠
[A:༣༨༠]སྐོར་གྱིས་ཆིབས་བསུ་དང༌། དགེ་འདུན་བཞི་བརྒྱ་སྐོར་གྱིས་སེར་ཕྲེང་རྒྱས་པར་ཞུས་ཏེ། གཟིམས་ཁང་དུ་ཕེབ་འཕྲལ་ངེད་ཀྱིས་ཕྱིན། གང་སྤྱིའི་བཀའ་འཕྲོས་ཀྱི་འབྱམས་ཀླས། ཕྱི་ཉིན་བཅོ་བརྒྱད་དུ་གདན་འདྲེན་ཞུས། གཞིས་ལེན་རྒྱས་པའི་ཐོག་ཆིབས། ཆིབ་རོལ། ཇ། དར་རས། སྣམ་བུ་སོགས་ཀྱི་འབུལ་བ་རྒྱ་ཆཻར་ཕུལ་ཞིང༌། ལྷ་ཁང་རྣམས་ལ་ཕྱག་ནས་རྒྱས་པར་བཀའ་དྲིན་བསྐྱངས། གནང་སྦྱིན་གྱ་ནོམ་པ་སྩལ། ཞག་ཤས་བཞུགས་རིང༌། ཁམས་ཚན་རྣམས་ཀྱིས་གདན་འདྲེན་ཞུ་བ་སོགས་སོ་སོ་ནས་འབུལ་བ་ཞབས་ཏོག་ཤིན་ཏུ་རྒྱས་པར་ཞུས་སོང་ཞིང༌། འགྲུལ་པ་རྣམས་ཀྱིས་ཀྱང་འབུལ་དཔངས་མཐོ་བར་བྱས་སོང༌། ཕེབ་ཉིན་དབོན་རིན་པོ་ཆེས་དབུས་ལས་ཚན་མང་བར་བཅས་ཆིབས་སྐྱེལ་ལ་ཕེབ། ཆོས་གཏེར་གླིང་ནས་སྤྲུལ་སྐུ་རིན་པོ་ཆེ་དཔོན་སློབ་ཆིབས་ཁ་བསྒྱུར་བར་ཆིབས་བསུ་སེར་ཕྲེང་སོགས་རྒྱས་པར་ཞུས་ཏེ། མཇལ་འཕྲད་ཞུས་སྐབས་ལུགས་གཉིས་ཀྱི་བཀའ་འཕྲོས་ཞིབ་པར་བྱུང༌། ངེད་ཁུ་དབོན་ལ་གོས་ཆས་ཆ་ཚང་སོགས་རྟེན་འབྱུང་གི་གནང་སྦྱིན་དཔངས་མཐོ་བར་གནང་ཞིང༌། གཞིས་ལེན་རྒྱས་པར་ཞུས། དབོན་རིན་པོ་ཆེ་བསྙུང་གཞིའི་སྟབས་དུས་ཆེན་གྱི་སྐུ་མཚམས་མཆོད་དབུར་ཕེབ་པ་སོགས་འཕྲལ་དགོས་རྣམས་སྤྲུལ་སྐུ་རིན་པོ་ཆེ་ནས་གནང༌། ཚོང་དཔོན་གཉིས་དགའ་ལགས་ཀྱིས་ཙནྡན་དམར་པོའི་སྡོང་པོ་གཉིས་བྱུང་ཐོག །འདི་གའི་ཚོང་པ་ངག་དབང་གིས་ཀྱང་ངག་བཀོད་ལྟར་ཙནྡན་དམར་པོ་ཕོན་ཆེ་བར་བྱུང་བ་དང༌། མེ་བྱི་ལོ་ནང་དུ་སྒོམ་སྡེ་སྤོ་རི་བླ་མས་ཇོ་བོ་ཆེན་པོ་དཔལ་ལྡན་ཨ་ཏི་ཤའི་སྐུ་ཚིགས་དང་པོ་ལ་རྣམ་རྒྱལ་མའི་སྐུ་རང་བྱོན་དུ་བྱོན་པ་རིང་བསྲེལ་དུ་མས་སྤྲས་པ་ཞིག་བྱིན་བྱུང་བ་བཞུགས་གནས་སུ་རྣམ་རྒྱལ་མཆོད་རྟེན་རྒྱུག་