R188: ལྕེ་བཙུན་ངག་གི་དབང་ཕྱུག་གི་རྟོགས་བརྗོད་ཤེལ་དཀར་གྱི་ཕྲེང་བ།

  • Pagination (Witness A): ༣༨༡
[A:༣༨༡]མཐོ་ལྔ་པ་ཞིག་མོན་གྲོང་ནས་ཤིང་བཟོ་པ་དབུ་མཛད་ཨ་དང་སྤུན་དང༌། བྲག་དབར་བྱང་པ་བཅས་གསུམ་བོས་ཏེ་ཟླ་ཤས་བར་ལེགས་པར་བསྒྲུབས་པར་ཕོག་ཡོན་སྟོན་མོ་སོགས་ཤིན་ཏུ་རྒྱས་པར་བྱས། རྡོ་རྗེ་འཆང་མཁྱེན་རབ་ཆོས་ཀྱི་རྒྱལ་པོའི་རྣམ་ཐར་ཐང་སྐུ་རེ་ལ་གྲུབ་པ་མང་བ་ཞིག་འདུག་ཀྱང༌། འཕགས་མཆོག་འཇམ་དཔལ་དབྱངས་ནས་མཁྱེན་རབ་ཆོས་ཀྱི་རྒྱལ་པོ་ཉིད་ཀྱི་བར་འཁྲུངས་རབས་ཐང་སྐུ་རེ་བཅས་བྱུང་ན་རང་ཉིད་ཀྱི་ཚོགས་གསག་དང་བསྟན་རྒྱུན་ལ་ཕན་པར་འོང་འདུག་བསམ། བསམ་སྡིངས་སྤྲུལ་སྐུ་བ་མཁྱེན་རབ་ལྷུན་གྲུབ་དཔལ་བཟང་གིས་སོ་སོའི་རྣམ་ཐར་ནས་མཛད་པ་རྣམས་རི་མོར་བྲི་བར་མཛད་པར་གཞན་པ་དཔེ་སོགས་མེད་གཤིས་དེ་རིགས་འོང་བར་དཀའ་ཡང༌། སྤྲུལ་སྐུ་བ་འདི་ཤེས་བྱའི་རིག་པ་གཞན་དང་མི་འདྲ་བ་ཞིག་འདུག་གཤིས་ཁྱད་པར་དུ་འཕགས་པ་བྱུང་འདུག་ཅིང༌། དེར་བསྟུན་གོང་མ་ཁུ་དབོན་གྱི་འཁྲུངས་རབ་ཐང་སྐུ་ཁ་ཤས་ཀྱང་བཀོད་པར་བྱས་ཏེ་ས་སྟག་ལོ་ནང་དུ་སྐྱ་རིས་རྣམས་གྲུབ་པར་སྤྲུལ་སྐུ་ལྷུན་གྲུབ་དང༌། ཨ་དང་སྤུན་གྱིས་ཡོས་ལོ་དང༌། འདི་ལོ་བཅས་པར་མཁྱེན་རབ་ཆོས་ཀྱི་རྒྱལ་པོའི་འཁྲུངས་རབས་དགུ་པོ་ལེགས་པར་གྲུབ་པ་གོང་ཤམ། ཞལ་ཁེབས། ཏོག་སོགས་ཁྱད་པར་དུ་འཕགས་པ་བསྒྲིགས་ཤིང༌། སྤྲུལ་སྐུ་བ་རྣམས་ལ་ཕོག་ཤིན་ཏུ་བཟང་བ། སྟོན་མོ་སྟེར་སྦྱིན། ཡོན་དུ་རྟ་དྲེའུ། ནག་པོ་འཁོར་དྲུག་ཁ་ཤས་སོགས་ཇ་མང་བ། དར་རས་སོགས་ཀྱིས་མཉེས་པར་བྱས་ཤིང༌། ཙནྡན་མཆོད་རྟེན་ལའང་ནང་གཞུག་དཀར་ཆག་ཏུ་གསལ་བ་ལྟར་གྲུབ་པ་དང༌། བསམ་པ་ལྷུན་གྲུབ་མ་དང༌། གུ་རུ་མཚན་བརྒྱད་སོགས་ཙནྡན་ལས་གྲུབ་པའི་སྐུ་སྤར་ལྔ་བཅུ་སྐོར་བཏབ་པ། མ་ཡུམ་སྐུ་སྐྱེའི་གྲོགས་དན་གྱི་བཀའ་