[A:༣༨༢]འགྱུར་སོགས་སྐུ་གསུང་ཐུགས་རྟེན་དུ་མར་ཧོར་ཟླ་བཅུ་གཅིག་པའི་ཉེར་གཉིས་རེས་གཟའ་ཉིན་མོར་བྱེད་པ་དང༌། རྒྱུ་སྐར་མེ་བཞི་དགྱེས་རྒུར་སྤྱོད་པའི་འགྲུབ་སྦྱོར་བཟང་པོའི་ཉིན་ངེད་ཁུ་དབོན། མཆོག་སྤྲུལ་རིན་པོ་ཆེ། མཚུངས་མེད་རྔོག་སྟོན་ཆེན་པོ་སོགས་དཔོན་སློབ་བཞི་བཅུ་སྐོར་གྱིས། ཁྱབ་བདག་རྣམ་སྣང་ཆེན་པོའི་ཆོ་ག་ལ་བརྟེན་པའི་རབ་ཏུ་གནས་པ་ལེགས་པར་བྱས་ཐོག་རྒྱན་དྲུང་ལ་ཡོན་བདག་བསྒོས། དེར་བསྟུན་ཚོགས་ཆེན་ལའང་ཞབས་ཏོག་ཤིན་ཏུ་རྒྱས་པར་བཅས་ཆོ་ག་ཉིན་གང་མ་ཞིག་ཞུས། སྡེ་དགེའི་གཉེར་པ་ཆོས་འཕེལ། ཚ་བ་རབ་གསལ་བླ་མ། དབུ་མཛད་ཨ་ཁུ་སོགས་ཁམས་འགྲུལ་བ་མང་བར་འབྱོར་པས། རྟ། ཇ་སོགས་ཀྱི་སྟེར་སྦྱིན་རྒྱ་ཆེར་བྱུང་བར་བསྔོ་སྨོན་གྱི་རྒྱས་འདེབས་ཡང་དག་བྱས། འགྲུལ་པ་དོན་གཉེར་ཁ་ཤས་ལ་མཁའ་སྤྱོད་གཙོ་མོའི་ཁྲིད་ཅིག་བྱས་ཤིང༌། ལོ་མཇུག་གི་རིམ་གྲོ་སོགས་སྔར་རྒྱུན་ལྟར་བྱས། དགོན་ཁག་གི་ཆོས་ར་དང་གཞུང་ས་ཆེན་པོའི་མཇལ་ཁ་སོགས་དབོན་ནས་མཛད། ལྕགས་སྦྲུལ་ལོ་གསར་ཚེས་ཀྱི་ལོ་གསར་དང༌། ཚེ་སྒྲུབ། མཁའ་སྤྱོད་གཙོ་མོའི་བསྙེན་པ་ཟླ་གཅིག་བྱས། ནད་རོ་ལངས་པ་དང་དབོན་རིན་པོ་ཆེའང་གཞིས་ནས་ཅུང་ཞིག་སྐུ་ལྟེམ་པ་བཅས་ཀྱིས་མང་ཇ། གྲྭ་ཇ། ཆོས་སྒྲོགས། བསྐང་བ་སོགས་བྱས། ཁམས་གསུམ་ཆོས་ཀྱི་རྒྱལ་པོ་ལྔ་པ་ཆེན་པོ་དེ་ཉིད་ཀྱིས་གསུང་ངག་རིན་པོ་ཆེ་འདི་ཉིད་ཉམས་ལེན་ཕྱོགས་རེ་ཙམ་མ་ཡིན་པར་བསྟན་པ་ཡོངས་རྫོགས་ཀྱི་ཉམས་ལེན་མདོ་རྒྱུད་ཐམས་ཅད་ཀྱི་དོན་གྱི་བཅུད་ཕྱུང་བ་ལམ་འབྲས་བུ་དང་བཅས་པའི་གདམས་ངག་ཟབ་མོ་ཡིན་པ་ནས་ཚོགས་བཤད་འདི་འཆད་ཉན་འཕེལ་བར་འདུག་ཀྱང༌། སློབ་བཤད་ཐུན་མོང་མ་ཡིན་པ་