R188: ལྕེ་བཙུན་ངག་གི་དབང་ཕྱུག་གི་རྟོགས་བརྗོད་ཤེལ་དཀར་གྱི་ཕྲེང་བ།

  • Pagination (Witness A): ༣༨༣
[A:༣༨༣]འདི་ཆད་དུ་ཉེ་བར་འདུག་པས་དར་རྒྱས་ཆེ་བ་ཞིག་བྱུང་ན་བསྟན་རྒྱུན་ལ་ཕན་པར་འདུག་གི་དགོངས་པ་གཏད་ཅིང༌། ཕྲན་བུར་ཡང་འཆད་ཉན་འཕེལ་བར་བྱེད་དགོས་ཚུལ་གྱི་བསླབ་སྟོན་བརྩེ་བ་ཆེན་པོས་བསྐྱངས་པ་དང༌། རང་ཉིད་ཀྱང་ཆོས་འདིའི་བསྟན་པ་ལ་ཕན་པ་ཞིག་བྱུང་ན་བསམ་པའི་ལྷག་བསམ་འབྲལ་མེད་དུ་ཡོད་གཤིས་སྔ་སོར་མི་གྲངས་དྲུག་ཅུ་སྐོར་ལ་བཀའ་རྒྱ་གྲོལ་ནས་བྱས་ཀྱང་འཆད་ཉན་གནང་ཐུབ་རིགས་བྱུང་མ་སོང་ཞིང༌། དེ་རྗེས་རྩེ་གདོང་ཞབས་དྲུང་སྐུ་མཆེད་ལ་ཕུལ་སྐབས་སྐུ་གཞོན་པ། བསྙུན་གཞིའི་སྟབས་དང༌། འཕེན་ཡུལ་བ་སོགས་མཇལ་ཁ་ཞུ་མི་མང་བའི་ཐུགས་བྲེལ་ཆེ་གཤིས་ཁྱུག་ཙམ་ལས་བསམ་པ་དང་མཐུན་པའི་བཀའ་རྫོགས་ལུང་རྫོགས་ཞིག་མ་གྲུབ་པ་ནས། ད་ལམ་ངེད་རང་གི་དབོན་འདི་རྗེ་དབོན་གོང་མའི་སྐུའི་རྣམ་སྤྲུལ་ཐམས་ཅད་མཁྱེན་པ་མཁྱེན་བརྩེའི་དབང་ཕྱུག་གི་ཐུགས་ཀྱི་འོད་ཟེར་འཕྲོས་པ་ཞིག་ཡིན་པས་བསྟན་རྒྱུན་ལ་ཕན་པ་ཞིག་ཨེ་འོང་བསམ་གོང་སའི་འཇལ་ཁར་བྱོན་པ་དང་བསྟུན་གོང་ས་སྐྱབས་མགོན་ཆེན་པོ་དྲུག་པར་མི་གྲངས་སོགས་ཀྱི་སྙན་འབུལ་ཞུས་པར་དབོན་རང་གིས་གཙོས་སུམ་ཅུ་སྐོར་ལ་བྱས་ཆོག་གི་བཀའ་གྲོལ་བ་དང༌། ནུབ་གཅིག་ངེད་རང་གི་རྨི་ལམ་དུ་གཟིམས་ཆུང་ཉི་འོད་ཏུ་དགྱེས་མཛད་རྡོ་རྗེའི་དཀྱིལ་འཁོར་ཞིག་བཞེངས་འདུག་པའི་ཕྱོགས་ཤར་དུ་མར་མེ་སུམ་ཅུ་སྐོར་སྤར་འདུག་པར། གསལ་བ་བཞི་ལྔ་ཙམ་འདུག་པ་ནི་བཤད་སྒྲུབ་ཀྱི་བསྟན་པ་ལ་ཕན་པ་དེ་ཙམ་འོང་འདྲ་བསམ་པ་བཅས། ན་སོ་རྒས་ཤིང་ལུས་གཅོང་བ་སོགས་གང་སྤྱིའི་སྟབས་འཆད་བདེ་བ་ཞིག་མི་འདུག་ཀྱང༌། ཆོས་འདི་ཉིད་ཡོངས་སུ་རྫོགས་པ་ཞིག་གྲུབ་ན་ལྔ་པ་ཆེན་པོའི་དགོངས་པ་