R188: ལྕེ་བཙུན་ངག་གི་དབང་ཕྱུག་གི་རྟོགས་བརྗོད་ཤེལ་དཀར་གྱི་ཕྲེང་བ།

  • Pagination (Witness A): ༣༩༢
[A:༣༩༢]ཁང་དུ་སྤྱན་གཟིགས་ལ་མི་ལྤགས་ཀྱིས་གཡོགས་པའི་བདུད་ཀྱི་ཀླད་པ་འགེམས་པའི་རྔམ་བརྗིད་ཆེ་བར་ཕུལ། ཁྱུང་འབུམ་གྱི་བླ་མའི་གདན་སར་འབུལ་དཔོན་བླ་མ་རིག་འཛིན་དཔོན་སློབ་ལ་རྟ་ཁལ་བླ་ཆས་རྒྱས་པར་སྤྲད་ཅིང༌། སྒར་གཞིས་ཁམས་རང་ལ་ཡོད་པས་མཁོ་བའི་ཡོ་བྱད་རྣམས་སྤྲད་ནས་བཀྲ་ཤིས་ཀྱི་ནས་གཏོར། བླ་བྲང་བླ་མ་ཕྱིར་ལོག་པ་དང༌། ངེད་རང་གི་འབུལ་སྡུད་ཚ་བ་བླ་མ་བསྟན་འཛིན་སོགས་ལ་གོས་རྒྱུག་དང༌། བྱིན་རྟེན་གང་ལེགས་སྤྲད་ཅིང༌། གང་སྤྱིའི་བཀོད་པ་བཅས་རྫོང་བདའ་བྱས། ཚ་བོ་ཚོང་དཔོན་གཉིས་དགའ་ཡབ་སྲས་ཚོང་ནས་འཁོར་བ་དང་ཕྲད་ཅིག་གང་སྤྱིའི་འཕྲོས་གླིང་རྒྱས་པར་བྱུང༌། དགོན་ལགས་སྦུག་ནས་ཀྱང་གྲྭ་རིགས་རྣམས་ངོས་འཕྲད་དང་རྟེན་འབྱུང་དུ་བྱུང་བར་རྡོ་རྗེ་ཕག་མོའི་རྗེས་གནང་དང༌། བསྙེན་གནས་དང༌། མ་ཎིའི་ལུང་བྱས། དབུས་གཙང་ཁམས་སོག །ཨ་མདོ་རྣམས་ནས་བླ་ཁག་གྲྭ་རིགས། དཔོན་ཁག །ཡོན་བདག་རྣམས་ཀྱིས་བྱིན་པའི་དངོས་པོ་རྣམས། སྟེར་མི་དེ་དག་གཙོ་བོར་གྱུར་པའི་ཕ་མ་རིགས་དྲུག་གི་སེམས་ཅན་རྣམས་ཀྱི་ཚོགས་གསག་སྒྲིབ་སྦྱང་གི་སེམས་བསྐྱེད་ཀྱིས་བླ་མ་དང༌། དགེ་འདུན་གྱི་སྡེ་ལ་བསྙེན་བཀུར། སྐུ་གསུང་ཐུགས་ཀྱི་རྟེན་བཞེངས་པ། མཆོད་རྫས་བསྐྲུན་པ། ཆོས་སྡེའི་འཛིན་སྐྱོང་དུ་གཏོང་བ་སོགས། བདག་གཞན་གྱི་རིམ་གྲོ། དགེ་རྩ། ཐ་ན་སློང་མོ་བ་རྣམས་ལའང་ཅི་ནུས་བྱིན་ཞིང༌། དགེ་སྦྱོར་གྱི་དུས་འོད་ཟེར་སྤྲོ་བསྡུ། བསྔོ་སྨོན་གྱི་རྒྱས་འདེབས་མཁའ་ཁྱབ་ཀྱི་སེམས་ཅན་ལ་འདུན་པ་དང་མ་བྲལ་བར་བྱེད་པ་ལས་རང་དོན་དུ་ཁ་ཟས་དང་གོས་སོགས་ཀྱང་གང་བྱུང་ཙམ་ལ་ལོངས་སྤྱོད་པ་ལས་དོན་དུ་མི་གཉེར་བ་ཤེས་ལྡན་རྣམས་ཀྱི་གཟིགས་པ་འདི་ཁ་ཕྱི་ནང་མེད་པ་ཡིན་