[A:༣༩༣]ཞིང༌། བྱ་བའི་གཙོ་བོར་ནི་དུས་གསུམ་རྒྱལ་བའི་སྤྱི་གཟུགས་ཁམས་གསུམ་ཆོས་ཀྱི་རྒྱལ་པོ་རིགས་བརྒྱའི་ཁྱབ་བདག་ལྔ་པ་ཆེན་པོ་དང༌། བྱང་ཆུབ་བར་ཀྱི་སྐྱབས་མགོན་དཀྱིལ་འཁོར་རྒྱ་མཚོའི་དབང་ཕྱུག་མཚན་བརྗོད་པར་དཀའ་བ་མཁྱེན་རབ་བསྟན་འཛིན་བཟང་པོ་ཁུ་དབོན། ཁྱབ་བདག་དགྱེས་མཛད་རྡོ་རྗེ་ཞྭ་ལུ་བ། རྡོ་རྗེ་འཆང་འཇམ་མགོན་ཆོས་ཀྱི་རྒྱལ་པོ་ས་སྐྱ་པ་སྐུ་མཆེད་ཡབ་སྲས་རྣམས་གཙོ་བོར་གྱུར་པའི་ཡོངས་འཛིན་དམ་པ་ཉི་ཤུ་རྩ་ལྔ་ལས་དམ་པའི་ཆོས་ཀྱི་བདུད་རྩི་ཐོབ་པ་རྣམས་རང་ཉིད་ཀྱིས་ཅི་ནུས་སུ་ཉམས་སུ་བླངས་ཤིང༌། གཞན་བཤད་པའང་སོ་སོའི་ཕྱག་ལེན་མ་ཉམས་པར་ལམ་འབྲས་བུ་དང་བཅས་པའི་གདམས་པ་ཡོངས་སུ་རྫོགས་པ་ཉེར་ལྔ། མཁའ་སྤྱོད་གཙོ་མོའི་ཁྲིད་ཚར་བཅུ་བདུན། ནི་གུ། ཚེམས་བུ་ལུགས་ཀྱི་དམར་ཁྲིད། ཚེ་ཁྲིད། གཅོད་ཁྲིད། ཞེན་པ་བཞི་བྲལ། ཚེ་ཁྲིད་ཟླ་བའི་རྒྱུན་རྣམས་ཤིན་ཏུ་མང་བ། གུར་གྱི་བྲག་རྫོང་མའི་ཕྱི་ནང་གི་ཁྲིད་ཚར་ལྔ། གསང་ཁྲིད་ཚར་གསུམ། ཞལ་གྱི་གསང་ཁྲིད་གཅིག །ཚེ་ཁྲིད་གསུམ། དྲིལ་བུའི་རིམ་ལྔ་དང༌། ནག་པོ་རིམ་བཞི། བདེ་མཆོག་དཀར་པོའི་ཚེ་ཁྲིད། བཀའ་གདམས་ལྷ་བཞིའི་ཁྲིད་རྣམས་ཁ་ཤས། སྨིན་བྱེད་དབང་གི་སྐོར་ལ་ཀྱེ་རྡོར་མན་ངག་ལུགས་ཚར་དྲུག་བརྒྱ་སྐོར་ལས་མི་ཉུང་བ། ལམ་དུས་ཀྱི་དབང་ལྔ་བརྒྱ་སྐོར། མཁའ་སྤྱོད་མའི་བྱིན་རླབས་དྲུག་བརྒྱ་སྐོར། ལམ་ཟབ་དང༌། བིར་སྲུང་གི་བྱིན་རླབས་སོགས་ལྔ་བརྒྱ་ལྷག་པ། བདག་མེད་མའི་བྱིན་རླབས། རྣམ་འཇོམས་བིར་ལུགས། ལམ་ཟབ། བིར་སྲུང་ཕྱི་ནང༌། ལམ་སྦས་བཤད། བླ་མ་རིན་འབྱུང༌། བརྡ་ཆིག་བརྒྱུད། བརྡ་དོན་གསལ་བ། སྒྲུབ་པ་ལུང་སྦྱིན།