[A:༡༣༨]ཨ་མདོའི་འགྲུལ་པ་མང་བ་དང༌། ཀྲེ་བོ་ཨེ་ཁེ་དཔོན་པོ་དང༌། ཚ་བ་བླ་མ་ཨ་འབུམ་སོགས་ཨོ་རོད་ནས་འཁོར་བའི་འགྲུལ་པ་རྣམས་དང༌། ཚོགས་ཆེན་དུ་རྗེ་དབོན་རིན་པོ་ཆེ་ནས་སྦྱོང་རྒྱུད་དཀྱིལ་འཁོར་བཅུ་གཉིས་བཤར་དབང༌། ཚེ་དཔག །རྣམ་འཇོམས་སོགས་ཀྱི་བཀའ་དབང་དུ་མ་དང༌། ཉེར་མཁོ་སྐོར་གྱི་ལྗགས་ལུང་རྣམས་སྩལ་བ་ཐོབ་ཅིང༌། ངེད་ནས་རྗེས་གནང་དང་ལུང་སོགས་འདོད་ཆོས་མང་བར་བྱས། ༈ མེ་ཁྱི་ལོར་ཆོ་འཕྲུལ་གྱི་ཟླ་བ་ནས་ཚེ་དཔག་ལྷ་དགུ། རྣམ་འཇོམས། མགོན་པོ་བྲག་རྫོང་མ། རྟ་མགྲིན་སྐྱེར་སྒང་ལུགས་ཀྱི་བསྙེན་པ་རྣམས་བྱས། དབྱར་སྤོ་བོ་བླ་མ་དོན་གཉེར་དུ་བྱོན་པ་དང་ལྷན་དུ་རྣམ་སྲས་རིགས་ཆེན་བརྒྱད། རབ་བརྟན་མའི་ཐུན་མོང་དང༌། ཐུན་མོང་མ་ཡིན་པའི་རྗེས་གནང་སོགས་ཆོས་སྐྱོང་སྐོར་གྱི་དབང་དང་བཀའ་གཏད་ཁ་ཤས་ཐོབ་ཅིང༌། ངེད་རང་ནས་ཀྱང་ཉེར་མཁོ་ཁ་ཤས་ཀྱི་དབང་ལུང་བྱས། སྟོན་སྒམ་བདེ་ནས་སྐྱི་རྩ་བླ་མ་ངག་དབང་སྐུ་མཆེད་གྲྭ་སློབ་རྣམས་འབྱོར་ནས་སེམས་ཉིད་ངལ་བསོའི་སྐུ་རྒྱ་ནག་མ་སོགས་རྟེན་དང༌། མཆོད་ཆ་དང༌། དཔེ་ཆ་དང༌། ཇ། རྟ། མཛོ་སོགས་འབུལ་དཔངས་མཐོ་བ་ཕུལ་ཞིང༌། ཚ་བ་བླ་མ་ཚེ་དབང་གྲགས་པ་སོགས་འགྲུལ་བ་མང་ཙམ་འབྱོར་བར། གོང་མའི་སྐུ་ཞབས་ནས་ཆོས་འབྲེལ་ཙམ་དང༌། ངེད་སྐུ་མཆེད་ཀྱིས་འདོད་ཆོས་དགོས་པ་རྣམས་སོ་སོའི་འདོད་སྦྱར་བྱས། ལོ་མཇུག་གི་དུས་ཆེན་ཁག་དང་གཏོར་ཟློག་སོགས་ཀྱང་རྒྱས་པར་གནང་སོང༌། མེ་ཕག་ལོར་རྗེ་དབོན་རིན་པོ་ཆེ་ནས་ཚོགས་ཆེན་དུ་རྣལ་འབྱོར་དབང་ཕྱུག་བི་རཱུ་པའི་བཞེད་གཞུང་གསུང་ངག་