R188: ལྕེ་བཙུན་ངག་གི་དབང་ཕྱུག་གི་རྟོགས་བརྗོད་ཤེལ་དཀར་གྱི་ཕྲེང་བ།

  • Pagination (Witness A): ༡༣༩
[A:༡༣༩]རིན་པོ་ཆེ་ལམ་འབྲས་བུ་དང་བཅས་པའི་དབང༌། ཁྲིད། བྱིན་རླབས། གླེགས་བམ་དང༌། པོད་དམར་སོགས་ལུང་རྣམས་དང་བཅས་པ་རྒྱས་པར་སྩལ་བ་ཞུས། སེམས་བསྐྱེད་གནང་རིང་བཞུགས་ཁྲིའི་སྟེང་འཕགས་པ་རིན་པོ་ཆེ་ལྟ་བུའི་སྐུའི་སྣང་བརྙན་ལས་ཞྭ་ཆོས་གོས་མཆོད་པ། སྐུ་སྔར་ལས་གཟི་འོད་འབར་བ། ཚུལ་ཁྲིམས་ཀྱི་དྲིས་ཚོགས་ཁང་ཁྱབ་ཞིང༌། ཕུང་པོ་གསུམ་པའི་མདོའི་ཕྱག་འབུལ་སྐབས་ཚོགས་ཀྱི་རྡུལ་ཡང་ལྡང་བར་མི་ནུས་པ་ཀུན་གྱིས་མཐུན་པར་རྟོགས་ཤིང༌། ནམ་མཁའ་ལས་ལྷ་རྣམས་ཀྱིས་འཇའ་འོད་ཀྱི་གུར་ཕུབ་ཅིང་མེ་ཏོག་གི་ཆར་ཕབ་པས། ཚང་མ་དད་གུས་ཀྱིས་མིག་ནས་མཆི་མ་འཁྲུག་ཅིང༌། ལུས་ཀྱི་བ་སྤུ་གཡོ་བས་ཐལ་མོ་སྦྱར་ཏེ་དད་གུས་སྔར་བས་ཀྱང་ཆེ་བར་གྱུར། རྒྱུ་དབང་གི་དངོས་གཞིའི་ཉིན་སྐུའི་གཡས་ཕྱོགས་སུ་རྡུལ་ཚོན་གྱི་དཀྱིལ་འཁོར་ཡོད་པའི་བར་སྣང་དུ་སྤྲུལ་པའི་དཀྱིལ་འཁོར་གསལ་ལམ་བར་མཐོང་ཞིང༌། དབང་རྫས་འགྲིམས་པར་ཕེབ་པའི་ཚེ་ཚུལ་ཁྲིམས་ཀྱི་དྲི་བསུང་སྣ་ལམ་དུ་ངམ་ངམ་བྱུང་བས་སེམས་ལ་བདེ་བར་འཆར་བ་ཞིག་བྱུང་བ་ནི་ངེད་མཆེད་ཟླར་སོང་བས་ཐ་མལ་གྱི་སྣང་བ་དགག་ཕྱིར་ཚུལ་དེ་ལྟར་གནང་བ་ཡིན་འདུག་ཅིང༌། བླ་མ་འདི་དགྱེས་མཛད་རྡོ་རྗེ་དངོས་ཡིན་སྙམ་པའི་མོས་གུས་དུང་དུང་པ་ཡོད། ཆོས་ར་གྲུབ་ནས་རྗེ་དཔོན་རིན་པོ་ཆེ་འགྲོ་བ་ལྷ་དང་བཅས་པའི་སྐྱབས་མགོན་རྒྱལ་དབང་ཐམས་ཅད་མཁྱེན་གཟིགས་ཆེན་པོ་དང༌། ས་དབང་ཆེན་པོའི་མཇལ་ཁ་ཞུ་བར་ཕེབ། ངེད་གོང་མའི་གཟིམས་ཆུང་ཕྱི་མར་མཚམས་ལ་བསྡད་ནས་ཀུན་རིག་གི་བསྙེན་པ་སྦྱིན་སྲེག་དང་བཅས་