R188: ལྕེ་བཙུན་ངག་གི་དབང་ཕྱུག་གི་རྟོགས་བརྗོད་ཤེལ་དཀར་གྱི་ཕྲེང་བ།

  • Pagination (Witness A): ༡༤༠
[A:༡༤༠]པ་དང༌། ཚེ་དཔག་གྲུབ་རྒྱལ་ལུགས་དང༌། ཁྱུང་ཁྲ། སེང་གདོང་མ་རྣམས་ཀྱི་བསྙེན་པ་ཞིག་ཀྱང་བྱས། སྟོན་ཁལ་ཁ་ནས་གསེར་པ་ཤཱཀྱ་དང༌། ཚུལ་ཁང་དབོན་པོ་གཉིས་འཁོར་བ་དང༌། ཨ་འབོལ་ཀུན་དགའ་རིན་ཆེན་གྱི་གྲྭ་པ་ཀུན་དགའ་མགོན་པོ་དཔོན་གཡོག་རྣམས་བྱུང་ནས། སིལ་སྦུབས། དངུལ། གོས་དར་སོགས་ཀྱི་འབུལ་དཔངས་མཐོ་བ་བྱས་ཤིང༌། ཁམས་འགྲུལ་བ་མང་ཙམ་བྱུང་བར་གོང་མ་ཆོས་ཀྱི་སྤྱན་ལྡན་གྱི་ཞལ་མཇལ་དང༌། དཀྱིལ་འཁོར་རྒྱ་མཚོའི་དབང་ཕྱུག་དབོན་རིན་པོ་ཆེ་ནས་དགྱེས་མཛད་རྡོ་རྗེའི་བཀའ་དབང་དང༌། གུ་རུ་ཞི་དྲག །གུར་ཞལ། རྣམ་སྲས། ལྷ་མོའི་རྗེས་གནང་སོགས་སྩལ་སོང་བ་ཐོབ། ངེད་རང་ནས་ཀྱང་ཚེ་ཀུན། རྣམ་རྒྱལ་མ། རྣམ་འཇོམས་སོགས་ཀྱི་དབང་ལུང་འདོད་སྦྱར་བྱས། དགུན་དུས་མཆོད་ཁག་དང༌། མགོན་ཁང་སོ་སོའི་གཏོར་མ་བརྗེས་ནས་ཆོས་སྐྱོང་རྣམས་ཀྱི་བསྐང་བརྒྱ་རྣམས་གནང་བའི་ཞབས་ཕྱི་ཞུས།། ༈ ས་བྱི་ཟླ་བ་དང་པོ་ནས་གྲུབ་ཐོབ་ཚེ་དཔག་དང༌། གུར་དྲག །གཤེད་དམར་རྣམས་ཀྱི་བསྙེན་པ་བྱས་ཤིང༌། གུར་དྲག་གི་སྐབས་དགོང་མོ་ཁ་ཅིག་འཇིགས་ཞུམ་མེ་བ་དང༌། གྲིབ་གནོན་བྱེད་པ་ཞིག་བྱུང་བས་གོང་མ་རིན་པོ་ཆེར་ཞུས་པས་རྒྱལ་པོའི་གནོད་པ་ཡིན་འདྲ། སྡེ་བརྒྱད་གཞན་ལས་རྒྱལ་པོར་གཟིར་ཙམ་གྱིས་གསུང་བཀའ་བསྒོ་གནང༌། བཀའ་བཞིན་བྱས་པས་འཚུབས་ཞི་ཞིང༌། ནུབ་གཅིག་རྨི་ལམ་དུ་ཡེ་ཤེས་མཚོ་རྒྱལ་ཡིན་སྙམ་པའི་བུད་མེད་གཞོན་ནུ་རས་གོས་ལྗང་གུ་གྱོན་པ་ཞིག་གིས་ཚོགས་འདི་གསོལ་ཟེར་ནས་ཚོགས་འཁོར་གྱི་སྣ་བསྡུས་པ་སྡེར་གང་དང༌། བདུད་རྩི་