R188: ལྕེ་བཙུན་ངག་གི་དབང་ཕྱུག་གི་རྟོགས་བརྗོད་ཤེལ་དཀར་གྱི་ཕྲེང་བ།

  • Pagination (Witness A): ༡༤༡
[A:༡༤༡]ཐོད་པ་གང་བྱིན་པར་རྨིས། གོང་མར་ཞུས་པས་རྟགས་ཤིན་ཏུ་ལེགས་པ་བྱུང་འདུག་གསུང་དགྱེས་ཚོར་གནང༌། དེ་ནས་དབྱར་ཆོས་གནང་བའི་ཟུར་ཆོས་སུ་སྒྲུབ་ཐབས་རྒྱ་མཚོ་དང༌། ཚེ་ཀུན། རྣམ་འཇོམས། གུར་དྲག་སོགས་དབང་རྗེས་གནང་གི་རིགས་མང་ཙམ་བྱས། ས་སྦུག་ཏུ་དམར་ཁྲིད་ཟླ་བ་གཅིག་ཙམ་བྱས། སྒོམ་ཁང་དུ་དབྱར་ཆོས་ལ་ཚེམས་བུ་ལུགས་ཀྱི་ཁྲིད་དང་ཚེ་ཁྲིད་སོགས་བྱས། སྟོན་དགོན་གནས་སུ་ཁུ་དབོན་གྱི་ཞབས་ཕྱིར་བསྡད། དགུན་ཆོས་གནང་བའི་ཟུར་ཆོས་སུ་སྦྱོང་རྒྱུད་སོགས་དབང་དང་རྗེས་གནང་གི་རིམ་པ་དང༌། གཏོར་གཞི་སྤོ་བ། བསྐང་བ་བརྒྱ་རྩའི་རིམ་པ། དུས་ཆེན་གྱི་སེར་སྦྲེང་སོགས་ཀྱི་ཞབས་ཕྱི་ཞུས།། ༈ ས་གླང་ལོར་ཟླ་བ་དང་པོའི་ནང་དུ་བདེ་མཆོག་དཀར་པོ་དང༌། ཚེ་དཔག་མེད་ལྕགས་སྡོང་མའི་ཚེ་སྒྲུབ། མགོན་པོ་བྲག་རྫོང་མའི་བསྙེན་པ་འབུམ་ཕྲག་བཅུ་དྲུག་པ་ཞིག་དང༌། སེང་གདོང་མའི་བསྙེན་པ་འབྲུ་འབུམ་དང་བཅས་པ་སློབ་དཔོན་ཞུ་ཁྱད་གཟིམས་ཆུང་རབ་གསལ་དུ་བྱས་པར། བླ་མ་བཞུགས་ས་དང་ཉེ་བའི་བྱིན་རླབས་ཀྱིས་ཁྲི་མཐོན་པོར་བསྡད་པ་དང༌། ཉི་ཟླ་འཆར་བ། འབྲས་བུའི་རིགས་ཀྱིས་སྣོད་བཀང་ནས་སྟེར་བ་སོགས་དང༌། དར་འཕྱར་བ། དུང་འབུད་པ་སོགས་རྨི་ལམ་དུ་བྱུང་བ་རྣམས་ཞུས་པར་དགྱེས་པའི་ཚུལ་སོ་སོ་ནས་ཆོས་ཞུ་བ་བྱུང་བ་རྣམས་ལ་སློབ་དཔོན་གནང་བ་བཞིན་དབང་རྗེས་གནང་ཁྲིད་ལུང་སོགས་བྱེད་པ་དང༌། ཡོན་བདག་གི་འདོད་ཁ་བསྐང་བའི་ཕྱིར་མཆོད་དབུར་འགྲོ་བ། སྐུ་གསུང་ཐུགས་ཀྱི་རྟེན་བཞེངས་པ་ཚོར་རབ་གནས་བྱེད་པ། བྱང་ཞུ་བ་རྣམས་ལ་གཟིམས་ཆུང་ཕྱི་མར་བྱང་ཞུ་བྱེད་པ་སོགས་