[A:༡༤༢]འཕྲལ་གྱི་སྣེ་ལེན་རྣམས་བྱས། གཏོར་སྤོད། བསྐང་བ། དུས་ཆེན་སོགས་ཆར་ཆེན་གྱི་རིགས་ཀྱང་ཞབས་ཕྱི་ཞུས། ལྕགས་སྟག་ལོར་ཟླ་བ་དང་པོའི་ནང་དུ་དཀོན་མཆོག་སྤྱི་འདུས་ཚེ་སྒྲུབ་དང་བཅས་པ། ཚར་ལུགས་འཇིགས་བྱེད་ཕྱག་གཉིས་པ། རྒྱ་མཚོ་ནས་གསུང་པའི་འཇམ་དཔལ་རྡོ་རྗེ་གཙོ་རྐྱང༌། སྒྲོལ་དཀར་རྣམས་ཀྱི་བསྙེན་པ་དང༌། དབྱར་སྒོམ་ཁང་དུ་སྒྲུབ་མཆོད། བསྐང་བ། དམར་ཁྲིད། གཅོད་ཁྲིད་སོགས་བྱས། སྟོན་ནཱ་ལེནྡྲའི་གཙུག་ལག་ཁང་མགོན་ཁང་ཆེན་མོའི་ཐོག་གཙང་ཁང་གི་བསྐོར་ལམ། རུང་ཁང་ཆེན་མོ་སྤྱི་མཛོད་སོགས་ཀྱི་ཞིག་གསོས་ལ་གོང་མ་ཆོས་ཀྱི་རྒྱལ་པོ་ཁུ་དབོན་གྱིས་བསླབ་སྟོན་སྩལ་བ་བཞིན་ཀླུ་ཁ་སྟོད་ནས་དགའ་མོ་བར་གྲོང་ཚོ་རྣམས་ལ་དབང་སྦྱིན་དང༌། དགེ་བསྐུལ་ལ་དཔོན་སློབ་མང་ཙམ་ཕྱིན་པས་ལུང་པ་ས་ལུགས་སུ་དད་ཞེན་ཆེ་བ་དང༌། གོང་མ་ཁུ་དབོན་གྱི་ཐུགས་རྗེས་ཕྱིན་པ་ཙམ་གྱིས་དད་གུས་ཀྱི་སྣང་བ་འགྱུར་ཏེ་ཁྲོམ་ཤིན་ཏུ་ཆེ་བ་དང༌། མིག་ནས་མཆི་མ་འཁྲུག་བཞིན་དུ་ཕྱག་འཚལ་བ། སྨྲེ་བཤགས་བྱ་བ། སྨོན་ལམ་སོགས་འུར་དིར་བྱེད་ཅིང་ཉིན་རེ་བཞིན་གྲོང་ཚོ་རྣམས་སུ་དབང་སྦྱིན་དང༌། དགོང་རེ་བཞིན་གཙོ་ཆེ་བ་རྣམས་ལ་གུར་དྲག །རྟ་མགྲིན། མགོན་པོ་སོགས་དབང༌། རྗེས་གནང༌། བསྔོ་བ། བྱང་བུ། རབ་གནས་སོགས་གང་འདོད་ཀྱི་རེ་བ་བསྐངས་ཤིང༌། སྦྱིན་བདག་དཔོན་ཁག་དང་གཞི་གཉེར་ཡུལ་གྲོང་ཚང་མས་དར་རས། སྣམ་བུ། ཤ །མར། ཕྱུགས་ཆེ་ཆུང་སོགས་ཤིན་ཏུ་མང་བ་དང༌། ནས་སྲན་ཡུལ་བྲེའི་ཁལ་སྟོང་དང་བརྒྱད་བརྒྱ་ལྷག་ཙམ་བྱུང་བ་བླ་མ་དང་མཆོག་གསུམ་དགྱེས་པའི་མཆོད་སྤྲིན་དུ་ཕུལ་ཞིང༌། དམིགས་ཡུལ་ཤི་གསོན་གྱི་གཙོས་སེམས་